ཟླ11པའི་ཚེས29ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཧན་ཀྲིན་གྱིས་པེ་ཅིང་དུ་ཀྲུང་གོ་དང་ཨུ་རུ་སིའི་མཛའ་མཐུན་དང་ཞི་བདེ་འཕེལ་རྒྱས་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་བཞི་པར་ཞུགས་པའི་ཕྱོགས་གཉིས་ཀའི་འཐུས་མིར་མཇལ་འཕྲད་གནང་།
ཧན་ཀྲིན་གྱིས་ཀྲུའུ་ཞི་ཞི་ཅིན་ཕིང་དང་ཙུང་ཐུང་ཕུའུ་ཅིན་གྱི་འཐབ་ཇུས་སྣེ་འདོམས་འོག་ཏུ། ཀྲུང་གོ་དང་ཨུ་རུ་སི་རྒྱལ་ཁབ་གཉིས་ཀའི་དུས་རབས་གསར་པའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་རོགས་རེས་འབྲེལ་བ་རྒྱུན་མཐུད་དང་བདེ་ཐང་། བརྟན་བརླིང་བཅས་ཀྱི་སྒོ་ནས་འཕེལ་རྒྱས་འགྲོ་བཞིན་ཡོད་པ་དང་། ཕྱོགས་གཉིས་ཀའི་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་བྱེད་ཚད་སྔར་ལས་ཇེ་དྲག་ཏུ་ཕྱིན་ཡོད་ལ། དངོས་སྒྲུབ་མཉམ་ལས་ལ་བརྟན་པོའི་ངང་སྐུལ་འདེད་བཏང་བར་མ་ཟད། དམངས་འདོད་ཀྱི་རྨང་གཞི་ཉིན་རེ་བཞིན་ཇེ་བརྟན་དུ་འགྲོ་བཞིན་ཡོད། ད་ལོ་རྒྱལ་ཁབ་གཉིས་ཀའི་གཙོ་འཛིན་གྱིས་མཇལ་འཕྲད་ཐེངས་གཉིས་གནང་ནས། ཕྱོགས་གཉིས་ཀའི་འབྲེལ་བ་འཕེལ་རྒྱས་སུ་འགྲོ་རྒྱུར་ཁྱོན་ཡོངས་ནས་བཀོད་སྒྲིག་གནང་བར་མ་ཟད། ཀྲུང་གོ་དང་ཨུ་རུ་སིའི་དམངས་ཁྲོད་མཛའ་མཐུན་བྱ་གཞག་ལ་སྐུལ་འདེད་གཏོང་རྒྱུར་ཁ་ཕྱོགས་གསལ་སྟོན་གནང་ཡོད། ཨུ་ཡོན་ལྷན་ཁང་གིས་རྒྱལ་ཁབ་གཉིས་ཀའི་གཙོ་འཛིན་བར་བྱུང་བའི་ཐུན་མོང་གི་ངོས་འཛིན་གལ་ཆེན་དོན་འཁྱོལ་ཡག་པོ་བྱས་ནས། སང་ལོར་ཀྲུང་གོ་དང་ཨུ་རུ་སིའི་བར་འབྲེལ་བ་བཙུགས་ནས་ལོ75འཁོར་བར་རྟེན་འབྲེལ་ཞུ་བ་དང་རིག་གནས་ལོའི་བྱེད་སྒོ་སྤེལ་རྒྱུ་གོ་སྐབས་སུ་བརྩིས་ནས། དམངས་ཁྲོད་ཕྱི་འབྲེལ་གྱི་གོང་བུར་འགྲིལ་ཤུགས་ཆེན་པོ་དང་འབོད་སྐུལ་ཀྱི་ནུས་པ་ཆེན་པོ། སྐུལ་འདེད་ཀྱི་ནུས་པ་ཆེན་པོ་བཅས་འདོན་སྤེལ་གང་ལེགས་བྱས་ཏེ། རྒྱལ་ཁབ་གཉིས་ཀའི་འབྲེལ་བ་འཕེལ་རྒྱས་གཏོང་བར་བྱས་རྗེས་གསར་པ་གང་ལེགས་འབུལ་རྒྱུའི་རེ་ལྟོས་ཆེ་ཞེས་གསུངས།
ཨུ་ཡོན་ལྷན་ཁང་གི་ཨུ་རུ་སི་ཕྱོགས་ཀྱི་ཀྲུའུ་ཞི་ཅི་ཐའོ་ཧྥུའུ་ཡིས་ཨུ་རུ་སི་དང་ཀྲུང་གོའི་འབྲེལ་བ་དེ་ལོ་རྒྱུས་ཀྱི་གནས་བབ་མཐོན་པོར་སླེབས་ཡོད་པ་དང་། མི་གཞུང་རིག་གནས་བརྗེ་རེས་དང་དངོས་སྒྲུབ་མཉམ་ལས་ལ་གྲུབ་འབྲས་མངོན་གསལ་ཅན་ཐོབ་ཡོད། ཨུ་ཡོན་ལྷན་ཁང་གིས་སང་ལོའི་དུས་ཀྱི་འཕེལ་རིམ་གལ་ཆེན་དམ་འཛིན་བྱས་ནས། རྒྱལ་ཁབ་གཉིས་ཀའི་དམངས་ཁྲོད་འགྲོ་འོང་ལ་མུ་མཐུད་སྐུལ་འདེད་བཏང་སྟེ། ཨུ་རུ་སི་དང་ཀྲུང་གོའི་འབྲེལ་བ་རྒྱུན་ཆད་མེད་པར་སྐས་རིམ་གསར་པ་ཞིག་ཏུ་འཕེལ་བར་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་བསྟན།
བན་དེ་སྐྱབས་ཀྱིས་བསྒྱུར།