ཟླ11པའི་ཚེས29ཉིན། ཞིང་ཆེན་ཏང་ཨུའི་གཞུང་ལུགས་སློབ་སྦྱོང་ལྟེ་གནས་ཚན་ཁག་གིས་སློབ་སྦྱོང་ཚོགས་འདུ་བསྡུས་པ་དང་། ཀྲུང་གོ་སྤྱི་ཚོགས་ཚན་རིག་གླིང་མི་རིགས་རིག་པ་དང་མིའི་རིགས་རིག་པ་ཞིབ་འཇུག་ཁང་གི་འགོ་གཙོ་ཝང་ཡན་ཀྲུང་གདན་དྲངས་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པའི་གཞུང་ལུགས་ནང་དོན་དང་ལས་འགན་བླང་བྱ་བརྗོད་དོན་དུ་བྱས་ཏེ་ཟུར་ཁྲིད་སྙན་ཞུ་བྱེད་དུ་བཅུག ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཁྲིན་ཀང་གིས་མགོ་འཛིན་བྱས་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཝུའུ་ཞའོ་ཅུན་ཚོགས་འདུར་ཞུགས།
ཝང་ཡན་ཀྲུང་གིས་ནང་དོན་ཟབ་མོ་དང་། གཞུང་ལུགས་འབྱུང་ཁུངས། དོན་སྙིང་གལ་ཆེན། རྩ་བའི་ལས་འགན། ལག་ལེན་ཐབས་ལམ་བཅས་ཕྱོགས་ལྔའི་ཐད་ནས། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ལ་འགྲེལ་བཤད་གསལ་བོ་བྱས་པ་དང་། ཚང་མས་གོ་བ་ལོན་ཆེད་ཞིབ་ཅིང་ཕྲ་ལ་མ་ལག་ལྡན་པའི་སྒོ་ནས་ཟུར་ཁྲིད་སྙན་ཞུ་བྱས།
ཁྲིན་ཀང་གིས་མགོ་འཛིན་བྱེད་སྐབས་བསྟན་དོན། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་བསྐྲུན་པ་ནི་དུས་རབས་གསར་བར་ཏང་གི་མི་རིགས་བྱ་བའི་ནང་དོན་གཙོ་བོ་དང་། མི་རིགས་ས་ཁུལ་གྱི་ལས་དོན་ཁག་སོ་སོའི་གཙོ་ཐིག་ཡིན། དོན་དངོས་དང་ཟུང་འབྲེལ་བྱས་ཏེ་ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོ། ལས་རིགས་སོ་སོ་དང་ཁྱབ་ཁོངས་སོ་སོར་སྣེ་ཁྲིད་བྱས་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་དེ་རང་སྟེང་གི་ལས་འགན་དང་འདྲེས་པར་བྱེད་དགོས་ལ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་བསྐྲུན་པའི་སྣང་ཚུལ་བཟང་བོ་ཞིག་ཆགས་པར་བྱེད་དགོས། ཆོས་ལུགས་སྡེ་ཁག་གི་འཐུས་ཚབ་མི་སྣ་དང་། རོང་འབྲོག་ཁུལ་གྱི་གྲངས་ཉུང་མི་རིགས་ཀྱི་ཏང་ཡོན། རྒན་པ་ལྔའི་ཁོངས་མི་སོགས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། ཚང་མར་བལྟ་འདོད་ཅིང་ཉན་སྤྲོ་ལ། དང་ལེན་བྱེད་སླ་བའི་ཐབས་ཤེས་སྤྱད་ནས་མཐུན་སྦྱོར་བརྗེ་རེས་བྱེད་པ་དང་། ཉེ་འགྲམ་གྱི་གཏམ་རྒྱུད་ཀྱིས་ཉེ་འགྲམ་གྱི་མི་ལ་སྐུལ་མ་ཐེབས་པར་བྱེད་དགོས་ལ། རིགས་སོ་སོའི་མང་ཚོགས་ཀྱིས་ཀྲུང་ཧྭ་མི་རིགས་ཁྱིམ་ཚང་གཅིག་ལྟར་བརྩེ་བ་དང་། མི་རིགས་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་བྱེད་པའི་བརྩེ་སེམས་མཉམ་སྐྱེད་བྱེད་པར་སྐུལ་སློང་བྱས་ནས། རྒྱུན་ཆད་མེད་པར་ཀྲུང་ཧྭ་མི་རིགས་ཐུན་མོང་གི་བསམ་པའི་ཁྱིམ་གཞིས་བསྐྲུན་པར་འབད་དགོས། དུས་རབས་ཀྱི་འགྱུར་བ་དང་བསྟུན་ནས། སྲིད་ཇུས་བྱེད་ཐབས་འཐུས་ཚང་དུ་གཏོང་བ་དང་། མི་རིགས་ཕན་ཚུན་བརྗེ་རེས་འགྲོ་འོང་དང་མཉམ་བསྲེས་བྱེད་པའི་ཚོང་རྟགས་བསྐྲུན་ཏེ། མི་རིགས་ཕན་ཚུན་བརྗེ་རེས་འགྲོ་འོང་དང་མཉམ་འདྲེས་ཀྱི་གཞི་རྩ་འཚོལ་ཞིབ་བྱེད་པ་དང་། ནུས་ཚད་སྔར་ལས་མཐོ་བའི་སྒོ་ནས་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་ཞིང་ཆེན་བསྐྲུན་དགོས་ཟེར།
ཞིང་ཆེན་ཏང་ཨུའི་གཞུང་ལུགས་སློབ་སྦྱོང་ལྟེ་གནས་ཚན་ཁག་གི་ཁོངས་མི་དང་། ཞིང་ཆེན་སྲིད་གཞུང་གི་དྲུང་ཡིག་ཆེན་མོ། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་འབྲེལ་ཡོད་དྲུང་ཡིག་ཆེན་མོ་གཞོན་པ། ཞིང་ཆེན་ཏང་ཨུའི་པུའུ་ཨུ་སོ་སོ། ཞིང་ཆེན་ཐད་གཏོགས་ལས་ཁུངས་སོ་སོ། མི་དམངས་ཚོགས་པ་དང་མང་ཚོགས་ཚོགས་པ་སོ་སོ། མཐོ་རིམ་སློབ་གླིང་དང་། ཟི་ལིང་དུ་ཡོད་པའི་ཞིང་ཆེན་གྱིས་དོ་དམ་བྱེད་པའི་ཁེ་ལས། མཚོ་སྔོན་དུ་སྡོད་པའི་ཀྲུང་དབྱང་ལས་ཁུངས་ཀྱི་ཏང་ཙུའུ་བཅས་ཀྱི་འགན་ཁུར་བློ་མཐུན་གཙོ་བོ་ཚོགས་འདུར་ཞུགས།
རིག་འཛིན་སྒྲོལ་མས་བསྒྱུར།