ཞི་ཅིན་ཕིང་གིས་ཅི་ཞིན་ཀི་སྐུ་གཤེགས་པའི་ཐད་ནས་ཨ་མེ་རི་ཁའི་ཙུང་ཐུང་ལ་མྱ་ངན་ཞུ་བའི་གློག་འཕྲིན་བཏང་།
2023.12.01 ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས། 29

ཟླ11པའི་ཚེས30ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨ་མེ་རི་ཁའི་རྒྱལ་སྲིད་བློན་ཆེན་ཟུར་པ་ཧིན་ལིས་ཅི་ཞིན་ཀི་སྐུ་གཤེགས་པའི་ཐད་ནས་ཨ་མེ་རི་ཁའི་ཙུང་ཐུང་པའེ་ཏིན་ལ་མྱ་ངན་ཞུ་བའི་གློག་འཕྲིན་བཏང་། ཞི་ཅིན་ཕིང་གིས་ཀྲུང་གོ་སྲིད་གཞུང་དང་ཀྲུང་གོ་མི་དམངས་ཀྱི་ཚབ་མཛད་པ་དང་མི་སྒེར་གྱི་མིང་ཐོག་ནས་འབུམ་རམས་པ་ཧིན་ལིས་ཅི་ཞིན་ཀི་སྐུ་གཤེགས་པར་སྐྱོ་གདུང་དྲག་པོས་མྱ་ངན་ཞུས་པ་དང་། ཁོའི་ཁྱིམ་མི་ལ་ལྷག་བསམ་རྣམ་དག་གིས་འཚམས་འདྲི་མཛད།

ཞི་ཅིན་ཕིང་གིས་མྱ་ངན་ཞུ་བའི་གློག་འཕྲིན་ནང་བསྟན་དོན། འབུམ་རམས་པ་ཧིན་ལིས་ཅི་ཞིན་ཀི་ནི་འཛམ་གླིང་སྟེང་མིང་དུ་གྲགས་པའི་འཐབ་ཇུས་པ་ཡིན་ལ། ཀྲུང་གོ་མི་དམངས་ཀྱི་གྲོགས་པོ་རྙིང་བ་དང་སྤུན་ཟླ་བཟང་བོ་ཡིན། དུས་རབས་ཕྱེད་ཀའི་ཡར་སྔོན་དུ་ཁོང་གིས་ཕུལ་དུ་བྱུང་བའི་འཐབ་ཇུས་མིག་རྒྱང་ལ་བརྟེན་ནས་ཀྲུང་གོ་དང་ཨ་མེ་རི་ཁའི་འབྲེལ་བ་རྒྱུན་ལྡན་ཅན་དུ་གཏོང་བར་ལོ་རྒྱུས་རང་བཞིན་གྱི་བྱས་རྗེས་བཞག་པ་དང་། རྒྱལ་ཁབ་གཉིས་ལ་བདེ་སྐྱིད་བསྐྲུན་པ་དང་འཛམ་གླིང་ལ་འགྱུར་བ་བཏང་བར་མ་ཟད། ཁོང་གིས་ཀྲུང་གོ་དང་ཨ་མེ་རི་ཁའི་འབྲེལ་བའི་འཕེལ་རྒྱས་ལ་སྐུལ་འདེད་དང་རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱི་མཛའ་བརྩེ་ཇེ་ཟབ་ཏུ་བཏང་། ཅི་ཞིན་ཀི་ཡི་མིང་དེ་ཀྲུང་གོ་དང་ཨ་མེ་རི་ཁའི་འབྲེལ་བ་དང་གཏན་དུ་སྦྲེལ་ནས་ཡོད་ལ། འབུམ་རམས་པ་ཅི་ཞིན་ཀི་ལགས་ཀྲུང་གོ་མི་དམངས་ཀྱིས་ནམ་ཡང་བརྗེད་མི་སྲིད་པར་ཁོང་ལ་རྗེས་དྲན་བྱེད་ངེས། ཀྲུང་གོ་ཕྱོགས་ཀྱིས་ཨ་མེ་རི་ཁ་ཕྱོགས་དང་མཉམ་དུ་ཀྲུང་གོ་དང་ཨ་མེ་རི་ཁའི་མི་དམངས་ཀྱི་མཛའ་མཐུན་ལས་དོན་རྒྱུན་འཛིན་བྱེད་འདོད་ཡོད་ལ། ཀྲུང་གོ་དང་ཨ་མེ་རི་ཁའི་འབྲེལ་བ་བདེ་ཐང་དང་བརྟན་འཇགས་ངང་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་བ་དང་། རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་བསྐྲུན་ནས་འཛམ་གླིང་གི་ཞི་བདེ་དང་འཕེལ་རྒྱས་ཀྱི་ཆེད་དུ་བྱས་རྗེས་འཇོག་འདོད་ཡོད།

མི་ཕམ་མགོན་པོས་བསྒྱུར།