ཞི་ཅིན་ཕིང་གིས་འབྲི་ཆུའི་ཟུར་གསུམ་གླིང་གི་གཞི་གཅིག་ཅན་འཕེལ་རྒྱས་ལ་སྐུལ་འདེད་ཟབ་མོ་གཏོང་བའི་བཞུགས་མོལ་ཚོགས་འདུར་མགོ་འཛིན་གནང་།
2023.12.01 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 33

ཟླ11པའི་ཚེས30ཉིན་གྱི་སྔ་དྲོར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧྲང་ཧའེ་རུ། འབྲི་ཆུའི་ཟུར་གསུམ་གླིང་གི་གཞི་གཅིག་ཅན་འཕེལ་རྒྱས་ལ་སྐུལ་འདེད་ཟབ་མོ་གཏོང་བའི་བཞུགས་མོལ་ཚོགས་འདུར་མགོ་འཛིན་གནང་ནས་གསུང་བཤད་གལ་ཆེན་གནང་། ཁོང་གིས་འབྲི་ཆུའི་ཟུར་གསུམ་གླིང་གི་གཞི་གཅིག་ཅན་འཕེལ་རྒྱས་ལ་སྐུལ་འདེད་ཟབ་མོ་བཏང་ནས། གསར་གཏོད་ནུས་པ་དང་ཐོན་ལས་ཀྱི་འགྲན་ནུས། འཕེལ་རྒྱས་ཀྱི་ནུས་པ་བཅས་སྔར་ལས་ཇེ་ཆེར་བཏང་སྟེ། རིམ་པ་སྔར་ལས་མཐོ་བའི་བཅོས་སྒྱུར་སྒོ་འབྱེད་ཀྱི་རྣམ་པ་གསར་པ་ཀུན་གྱི་སྔོན་ལ་གྲུབ་པར་བྱ་རྒྱུ་དེ་ནི། རང་རྒྱལ་གྱིས་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་བསྐྲུན་པ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་རླབས་ཆེན་བྱ་གཞག་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བ་བཅས་ཀྱི་ཐད་དོན་སྙིང་ཆེན་པོ་ལྡན། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་བ་དང་ནོར་བ་མེད་པ། ཁྱོན་ཡོངས་བཅས་ཀྱི་སྒོ་ནས་ལག་བསྟར་བྱེད་རྒྱུ་དང་། གཞི་གཅིག་ཅན་དང་སྤུས་ཚད་མཐོ་བའི་གནད་འདི་གཉིས་ལ་དམ་པོར་དམིགས་ཏེ། འཛམ་གླིང་ཧྲིལ་པོའི་མིག་རྒྱང་དང་འཐབ་ཇུས་ཀྱི་བསམ་གཞིག་ལ་བརྟེན་ནས། བློ་བརྟན་འགྱུར་མེད་ངང་བཅོས་སྒྱུར་ཟབ་སྤེལ་དང་ཆུ་ཚད་མཐོ་བའི་སྒོ་འབྱེད་རྒྱ་ཁྱབ་ངང་སྤེལ་བ། ཚན་རྩལ་གསར་གཏོད་དང་ཐོན་ལས་གསར་གཏོད་ལ་སྤྱི་འདོམས་བྱེད་པ། སྣེ་འདྲེན་སྐུལ་ཁྲིད་དང་ལེགས་ཆ་འདོན་སྤེལ་ལ་སྤྱི་འདོམས་བྱེད་པ། མཁྲེགས་ཆས་སྦྲེལ་མཐུད་དང་ལམ་སྲོལ་མཐུན་སྦྱོར་ལ་སྤྱི་འདོམས་བྱེད་པ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་དཔལ་འབྱོར་འཕེལ་རྒྱས་ལ་སྤྱི་འདོམས་བྱེད་པ། མཉམ་དུ་ཕྱུག་འགྱུར་ཡོང་བར་སྐུལ་འདེད་གཏོང་བའི་ཐད་ཀུན་གྱི་སྔོན་མ་བྱས་ཏེ་མིག་དཔེ་སྟོན་པ། ཀྲུང་ཧྭ་མི་རིགས་ཀྱི་དེང་རབས་ཤེས་རིག་འཛུགས་སྐྲུན་ཐད་འཚོལ་ཞིབ་ཧུར་ཐག་བྱེད་པ། འབྲི་ཆུའི་ཟུར་གསུམ་གླིང་གི་གཞི་གཅིག་ཅན་འཕེལ་རྒྱས་གཏོང་བར་གལ་ཆེ་བའི་མཁྲེགས་གཏོར་གསར་པ་བྱེད་པར་སྐུལ་འདེད་གཏོང་བ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་འཕེལ་རིམ་ཁྲོད་ཀུན་གྱི་མདུན་གྲལ་དུ་བསྐྱོད་ནས། སྔོན་ལ་འཚོལ་ཞིབ་དང་དཔེ་སྟོན་སྣེ་ཁྲིད། ཁྱབ་འགྱེད་སྐུལ་ཁྲིད་བཅས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས་ཞེས་ནན་གྱིས་གསུངས།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་གཞུང་སྒྲུབ་ཐིན་གྱི་ཀྲུའུ་རིན་ཚའེ་ཆི་བཞུགས་མོལ་ཚོགས་འདུར་ཞུགས།

ཞི་ཅིན་ཕིང་གིས་ཧྲང་ཧའེ་རུ་རྟོག་ཞིབ་བྱེད་སྐབས་ཆེད་དུ་ཐེངས་འདིའི་བཞུགས་མོལ་ཚོགས་འདུ་བསྡུས་པ་རེད། བཞུགས་མོལ་ཚོགས་འདུའི་སྟེང་དུ། རྒྱལ་ཁབ་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཀྲིན་ཧྲན་ཅེ་དང་། ཧྲང་ཧའེ་གྲོང་ཁྱེར་ཏང་ཨུའི་ཧྲུའུ་ཅི་ཁྲིན་ཅི་ཉིང་། ཅང་སུའུ་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཞིན་ཁྲང་ཞིང་། ཀྲེ་ཅང་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་དབྱི་ལེན་ཧུང་། ཨན་ཧོས་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཧན་ཅུན་བཅས་ཀྱིས་སྔ་གཞུག་ཏུ་གཏམ་བཤད་ནས། འབྲི་ཆུའི་ཟུར་གསུམ་གླིང་གི་གཞི་གཅིག་ཅན་འཕེལ་རྒྱས་ལ་སྐུལ་འདེད་བཏང་བའི་གནས་ཚུལ་སྐོར་གྱི་སྙན་ཞུ་ཕུལ་བར་མ་ཟད། བསམ་འཆར་དང་གྲོས་གཞི་བཏོན།

ཞི་ཅིན་ཕིང་གིས་ཚང་མའི་གཏམ་བཤད་ལ་གསན་རྗེས། འབྲི་ཆུའི་ཟུར་གསུམ་གླིང་གི་གཞི་གཅིག་ཅན་འཕེལ་རྒྱས་འཐབ་ཇུས་དངོས་སུ་བཏོན་ཏེ་ལག་བསྟར་བྱས་ནས་ལོ་ལྔ་འཁོར་བའི་རིང་ལ། འཆར་འགོད་སྲིད་ཇུས་ཀྱི་མ་ལག་ངང་གིས་གྲུབ་པ་དང་དེ་ཟམ་མི་ཆད་པར་འཐུས་ཚང་དུ་བཏང་བ་དང་། འཁྲུག་ཆ་དོད་པའི་འཕར་སྣེ་ནུས་པ་རྒྱུན་ཆད་མེད་པར་ཇེ་བརྟན་དུ་བཏང་བ། དེང་རབས་ཅན་གྱི་ཐོན་ལས་མ་ལག་མགྱོགས་མྱུར་ངང་བཙུགས་པ། ས་ཁོངས་མཐུན་སྦྱོར་འཕེལ་རྒྱས་ལ་ཐོད་བརྒལ་གལ་ཆེན་བྱུང་བ། བཅོས་སྒྱུར་སྒོ་འབྱེད་ཐད་གོམ་སྟབས་ཆེན་པོ་སྤོས་པ། སྐྱེ་ཁམས་ཁོར་ཡུག་ལ་མཉམ་དུ་འགན་ལེན་དང་མཉམ་དུ་བཅོས་སྐྱོང་བྱེད་པར་སྐུལ་འདེད་ནུས་ལྡན་བཏང་བ། འབྲི་ཆུའི་ཟུར་གསུམ་གླིང་ས་ཁོངས་ཀྱི་སྤྱིའི་སྟོབས་ཤུགས་དང་ཕྱོགས་བསྡུས་འགྲན་རྩོད་ནུས་པ་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་རྒྱུན་མཐུད་ངང་གནས་པ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་ཁྱད་འཕགས་རང་བཞིན་མངོན་པའི་སྒེའུ་ཁུང་གལ་ཆེན་དང་རང་རྒྱལ་རྒྱལ་སྤྱིའི་འགྲན་རྩོད་མཉམ་ལས་ཁྲོད་ཞུགས་པའི་ལས་སྟེགས་གལ་ཆེན་གྱི་ནུས་པ་ཉིན་བཞིན་མངོན་གསལ་ཅན་དུ་ཕྱིན་ནས་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་བསྐྲུན་པ་དང་། ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་འབྱེད་ལ་སྐུལ་འདེད་གཏོང་ཆེད་འཐབ་ཇུས་ཀྱི་རང་འགུལ་ཐོབ་པར་བྱས་ཡོད། དེ་དང་མཉམ་དུ་འབྲི་ཆུའི་ཟུར་གསུམ་གླིང་གཞི་གཅིག་ཅན་དུ་འཕེལ་རྒྱས་གཏོང་བར་གནད་དོན་གཏིང་ཟབ་ཅན་མང་པོ་ད་དུང་ཐག་གཅོད་བྱེད་དགོས་ལ། འཕེལ་རྒྱས་ཀྱི་སྤུས་ཚད་དང་ལས་ཆོད་དང་ཁྱབ་འགྱེད་སྐུལ་ཁྲིད་ཀྱི་ནུས་པ་བཅས་ད་དུང་མངོན་སུམ་གྱིས་ཇེ་དྲག་ཏུ་གཏོང་དགོས་པ་དང་། གཙོ་གནད་ཁྱབ་ཁོངས་དང་གཙོ་གནད་ས་ཁོངས་གཞི་གཅིག་ཅན་དུ་འགྱུར་བར་ད་དུང་འབད་བརྩོན་བྱེད་དགོས་པར་མ་ཟད། ཐོན་ལས་ཕྲེང་འབྲེལ་གྱི་ལས་བགོས་མཉམ་སྒྲུབ་ཆུ་ཚད་ད་དུང་ཇེ་མཐོར་གཏོང་དགོས་པ་ལས་གཞན། རྒྱལ་ཡོངས་གཅིག་གྱུར་གྱི་ཚོང་ར་ཆེན་པོ་འཛུགས་པར་སྣེ་ཁྲིད་དང་སྐུལ་ཁྲིད་ཀྱི་ནུས་པ་སྔར་ལས་འདོན་སྤེལ་གང་ལེགས་བྱེད་དགོས་པ། དེ་མིན་ད་དུང་བཅོས་སྒྱུར་སྒོ་འབྱེད་སྔར་ལས་ཟབ་སྤེལ་གྱི་ཕྱོགས་སུ་རྒྱ་སྐྱེད་གཏོང་དགོས་པ་དང་། ཆེས་ཆེ་བའི་གྲོང་ཁྱེར་བཅོས་སྐྱོང་དང་འཕེལ་རྒྱས་གཏོང་བར་ད་དུང་ཞན་ཆ་མི་ཉུང་བ་ཞིག་གནས་ཡོད་པ་བཅས་ཀྱང་གསལ་བོར་ཤེས་དགོས། འབྲི་ཆུའི་ཟུར་གསུམ་གླིང་གི་གཞི་གཅིག་ཅན་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་ནི་ལས་དོན་ཆེན་པོ་ཞིག་ཡིན་པས། བརྟན་ཐོག་ཡར་འཕེལ་རྒྱུན་འཁྱོངས་བྱས་ནས། བར་མ་ཆད་པའི་ངང་ནས་ལས་དོན་བསྒྲུབ་སྟེ། འབྲི་ཆུའི་ཟུར་གསུམ་གླིང་གི་གཞི་གཅིག་ཅན་འཕེལ་རྒྱས་ཀྱི་ལེའུ་གསར་པ་རྒྱུན་ཆད་མེད་པར་རྩོམ་དགོས་ཞེས་གསུངས།

ཞི་ཅིན་ཕིང་གིས་འབྲི་ཆུའི་ཟུར་གསུམ་གླིང་ས་ཁོངས་ཀྱིས་ཚན་རྩལ་གསར་གཏོད་དང་ཐོན་ལས་གསར་གཏོད་ཀྱི་ས་ཁོངས་ལས་བརྒལ་བའི་མཐུན་སྦྱོར་ལ་ཤུགས་སྣོན་དགོས། ཚན་རྩལ་གསར་གཏོད་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ་དང་། ཚན་རྩལ་གསར་གཏོད་དང་ཐོན་ལས་གསར་གཏོད་མཉམ་འདྲེས་གཏིང་ཟབ་ཡོང་བར་ཤུགས་སྣོན་པ། ཐོན་ལས་གསར་པ་དང་ལས་རྣམ་གསར་པ། བྱེད་སྟངས་གསར་པ་བཅས་ཐོན་པར་བྱེད་པ། འཕེལ་རྒྱས་ཀྱི་བར་སྟོང་གསར་པ་རྒྱ་སྐྱེད་གཏོང་བ། འཕེལ་རྒྱས་ཀྱི་སྒུལ་ནུས་གསར་པ་སྐྱེད་སྲིང་བྱེད་པ། འབྲི་ཆུའི་དཔལ་འབྱོར་རྒྱུད་དང་རྒྱལ་ཡོངས་ལ་སྔར་ལས་ལེགས་པའི་ངང་མཉམ་འགུལ་བཅས་བྱེད་དགོས། ས་ཁོངས་ལས་བརྒལ་བ་དང་སྡེ་ཁག་ལས་བརྒལ་ནས་ཚན་རྩལ་གསར་གཏོད་ཀྱི་སྟོབས་ཤུགས་དང་ཁྱད་ལྡན་ཐོན་ཁུངས་བསྡུ་སྒྲིལ་བྱས་ཏེ། སྟོབས་ལྡན་གང་མང་མཉམ་འབྲེལ་ཐུབ་པར་བྱས་ནས། ཚན་རྩལ་གསར་གཏོད་ཀྱི་འབྱུང་གནས་ཤིག་བསྐྲུན་དགོས།  སྔར་ལས་སྒོ་འབྱེད་ཀྱི་བསམ་གཞིག་དང་བྱེད་ཐབས་ལ་བརྟེན་ནས། རྒྱལ་སྤྱིའི་ཚན་རྩལ་མཉམ་ལས་ཁྲོད་ཞུགས་ཏེ། འཛམ་གླིང་ཧྲིལ་པོའི་འགྲན་རྩོད་ནུས་པ་འཛོམས་པའི་གསར་གཏོད་ཀྱི་སྐྱེ་ཁམས་བསྐྲུན་དགོས་ཞེས་ནན་གྱིས་གསུངས།

ཞི་ཅིན་ཕིང་གིས་འབྲི་ཆུའི་ཟུར་གསུམ་གླིང་ས་ཁོངས་ཀྱིས་གཞི་གཅིག་ཅན་གྱི་འཕེལ་རྒྱས་སྒྲིག་སྲོལ་དང་ལམ་སྲོལ་མགྱོགས་མྱུར་ངང་འཐུས་ཚང་དུ་གཏོང་དགོས། སྒྲིག་སྲོལ་དང་ལམ་སྲོལ་གྱི་ཐད་ནས་ངེས་པར་དུ་ས་ཁུལ་ཁག་བགོས་དང་སྲིད་འཛིན་གྱི་བཀག་རྒྱ་ཅི་རིགས་མེད་པར་བཟོས་ཏེ། གཞི་གཅིག་ཅན་གྱི་འཕེལ་རྒྱས་ལ་ལམ་ལུགས་ཀྱི་འགན་ལེན་བྱེད་དགོས། གཞི་གཅིག་ཅན་གྱི་འདུ་ཤེས་ཇེ་ཆེར་གཏོང་བ་དང་བསམ་བཀོད་གཅིག་གི་བསམ་བློ་རྒྱུན་འཁྱོངས་བྱེད་པ། ལམ་ལུགས་དང་སྒྲིག་སྲོལ་གསར་གཏོད་བྱེད་ཤུགས་ཆེ་རུ་གཏོང་བ། གཙོ་གནད་ཁྱབ་ཁོངས་དང་གཙོ་གནད་ས་ཁོངས་སུ་ཐོད་བརྒལ་སྔར་ལས་ཆེ་བ་ཡོང་བར་བྱེད་པ། བཅོས་སྒྱུར་བྱེད་ཐབས་སོ་སོའི་མ་ལག་གཅིག་སྡུད་དང་མཐུན་སྦྱོར་གཞོགས་འདེགས་ལ་ཤུགས་སྣོན་པ་བཅས་བྱས་ནས། གཞི་གཅིག་ཅན་དེ་སྔར་ལས་གཏིང་ཟབ་པ་དང་སྔར་ལས་རྒྱ་ཆེ་བའི་ཁྱབ་ཁོངས་སུ་རྒྱ་སྐྱེད་གཏོང་བར་སྐུལ་འདེད་གཏོང་དགོས། གཞི་རྩའི་སྤྱི་པའི་ཞབས་ཞུའི་ལམ་ལུགས་འབྲེལ་མཐུད་དང་སྲིད་ཇུས་མཉམ་འབྲེལ། ཚད་གཞི་གཅིག་མཚུངས་བཅས་ལ་རིམ་བཞིན་སྐུལ་འདེད་གཏོང་རྒྱུ་དང་། ཁྱབ་ཁོངས་སོ་སོའི་སྤྱི་པའི་ཞབས་ཞུའི་སྟབས་བདེ་མཉམ་སྤྱོད་ལ་རིགས་དགར་ནས་སྐུལ་འདེད་གཏོང་དགོས། རིགས་སོ་སོའི་འགྲིམ་འགྲུལ་དྲ་རྒྱའི་རྨང་གཞིའི་སྒྲིག་ཆས་ཀྱི་ཚད་གཞི་ས་ཁོངས་ལས་བརྒལ་ནས་འབྲེལ་མཐུད་བྱ་རྒྱུར་ཤུགས་བསྣན་ནས། རྨང་གཞིའི་སྒྲིག་ཆས་ཕན་ཚུན་སྦྲེལ་མཐུད་ཀྱི་ཆུ་ཚད་སྔར་ལས་ཇེ་མཐོར་གཏོང་དགོས། འབྲི་ཆུའི་ཟུར་གསུམ་གླིང་གི་སྐྱེ་ཁམས་ལྗང་མདོག་གཞི་གཅིག་ཅན་གྱི་འཕེལ་རྒྱས་དཔེ་སྟོན་ཁུལ་འཛུགས་སྐྲུན་བྱེད་ཚད་སྔར་ལས་ཇེ་མགྱོགས་སུ་གཏོང་བ་དང་། དཔེ་སྟོན་ཁུལ་གྱི་རྒྱལ་དབང་ས་ཁོངས་བར་སྟོང་འཆར་འགོད་མ་ལག་སྔར་ལས་འཐུས་ཚང་དུ་གཏོང་བ། འཆར་འགོད་དང་ས་ཞིང་། ལས་གཞི་འཛུགས་སྐྲུན་བཅས་ཀྱི་ས་ཁོངས་ལས་བརྒལ་བའི་མཐུན་སྦྱོར་འབྲེལ་མཐུད་ལ་ཤུགས་སྣོན་པ། ས་ཁོངས་ལས་གཞིའི་མཐུན་སྦྱོར་དེ་ས་ཁོངས་གཞི་གཅིག་ཅན་གྱི་ལམ་ལུགས་ཕྱོགས་སུ་འཕེལ་ཚད་སྔར་ལས་ཇེ་མགྱོགས་སུ་གཏོང་དགོས། ས་ཁོངས་བརྒལ་ནས་མཉམ་སྐྲུན་མཉམ་སྤྱོད་ལ་སྐུལ་འདེད་བཏང་ནས། ཐོན་ལས་ས་ཁོངས་བརྒལ་ནས་ཚུལ་སྒྱུར་དང་ཐོན་སྐྱེད་ཀྱི་རྒྱུ་རྐྱེན་གཙོ་བོར་ལུགས་མཐུན་ངང་བཀོད་སྒྲིག་བྱ་རྒྱུར་གོ་རིམ་ལྡན་པའི་ངང་སྐུལ་འདེད་བཏང་སྟེ། འབྲི་ཆུའི་ཟུར་གསུམ་གླིང་འདི་ཉིད་ས་ཁོངས་འཕེལ་རྒྱས་ཀྱི་ཐུན་མོང་སྒྲིག་གཞི་རྣལ་མ་རུ་འགྱུར་བར་འབད་དགོས་ཞེས་གསུངས།

ཞི་ཅིན་ཕིང་གིས་འབྲི་ཆུའི་ཟུར་གསུམ་གླིང་ས་ཁོངས་ཀྱིས་རིམ་པ་མཐོ་བའི་མཐུན་སྦྱོར་སྒོ་འབྱེད་ལ་ཧུར་ཐག་གིས་སྐུལ་འདེད་གཏོང་དགོས། ལམ་ལུགས་ཅན་གྱི་སྒོ་འབྱེད་གཙོ་གནད་དུ་འཛིན་པའི་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་འབྱེད་ལ་སྐུལ་འདེད་གཏོང་རྒྱུ་དང་། བཅོས་སྒྱུར་གྱི་ཉམས་མྱོང་ཕན་ཚུན་སློབ་སྦྱོང་དང་དཔྱད་གཞིར་འཛིན་རེས་བྱེད་པ། རང་རྒྱལ་གྱི་དཔལ་འབྱོར་འཁོར་རྒྱུག་ཆེན་པོ་གེགས་མེད་ཡོང་བར་བྱེད་པའི་སྒུལ་ཤུགས་ཆེན་པོ་དང་། རྒྱལ་ནང་དང་རྒྱལ་སྤྱིའི་འཁོར་སྐྱོད་འབྲེལ་མཐུད་ཡོང་བར་བྱེད་པའི་འཐབ་ཇུས་ཀྱི་གནད་འགག་ཏུ་འགྱུར་བར་འབད་བརྩོན་བྱེད་དགོས། ཧྲང་ཧའེ་ཡི“ལྟེ་བ་ལྔ”འཛུགས་སྐྲུན་བྱེད་ཚད་ཇེ་མགྱོགས་སུ་གཏོང་བ་དང་། ཕུའུ་ཏུང་གསར་སྤེལ་ཁུལ་གྱི་ཕྱོགས་བསྡུས་བཅོས་སྒྱུར་ཚོད་ལྟ་མགྱོགས་མྱུར་ངང་སྤེལ་བ། ཧུང་ཆའོ་རྒྱལ་སྤྱིའི་སྒོ་འབྱེད་ལྟེ་བའི་ཁྱབ་འགྱེད་རིམ་པ་སྔར་ལས་ཇེ་མཐོར་གཏོང་བ། རང་མོས་ཉོ་འཚོང་ཚོད་ལྟ་ཁུལ་གྱི་རིམ་སྤོར་འཐབ་ཇུས་ལག་བསྟར་ཤུགས་ཆེན་བྱེད་པ། ཧྲང་ཧའེ་རང་མོས་ཉོ་འཚོང་ཚོད་ལྟ་ཁུལ་ལིན་ཀང་ཁུལ་གསར་སྔར་ལས་ཆུ་ཚད་མཐོ་བའི་སྒོ་ནས་ཕྱི་ཕྱོགས་སུ་སྒོ་འབྱེད་པར་སྐུལ་འདེད་གཏོང་བ་བཅས་བྱེད་དགོས། འབྲི་ཆུའི་ཟུར་གསུམ་གླིང་གཞི་གཅིག་ཅན་གྱི་འཕེལ་རྒྱས་དང“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་གཉིས་མཉམ་འདྲེས་གཏིང་ཟབ་ཡོང་བར་བྱེད་པ་དང་། འབྲི་ཆུའི་ཟུར་གསུམ་གླིང་གི་དགེ་མཚན་ལྡན་པའི་ཐོན་ནུས་དང་སྒྲིག་ཆས་སྤུས་ལེགས། བཀོལ་འོས་ལག་རྩལ། ཚད་གཞི་བཅས“ཕྱི་རུ་བསྐྱོད་པར”སྐུལ་འདེད་གཏོང་དགོས། དམངས་གཉེར་དཔལ་འབྱོར་བདེ་ཐང་ངང་འཕེལ་རྒྱས་གཏོང་བའི་སྲིད་ཇུས་དང་བྱེད་ཐབས་དོན་འཁྱོལ་ཐད་སྐུལ་འདེད་དང་རྒྱབ་སྐྱོར། ཁྲིད་སྟོན་བཅས་བྱས་ནས། དམངས་གཉེར་ཁེ་ལས་འཕེལ་རྒྱས་གཏོང་བའི་ཁོར་ཡུག་སྔར་ལས་ཇེ་ལེགས་སུ་བཏང་སྟེ། དམངས་གཉེར་དཔལ་འབྱོར་བདེ་ཐང་ངང་འཕེལ་རྒྱས་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་དགོས་ཞེས་ནན་གྱིས་གསུངས།

ཞི་ཅིན་ཕིང་གིས་འབྲི་ཆུའི་ཟུར་གསུམ་གླིང་གི་ས་ཁོངས་སྐྱེ་ཁམས་ཁོར་ཡུག་གི་མཉམ་འགོག་མཉམ་བཅོས་ཐད་ཤུགས་སྣོན་དགོས། ཞིང་ཆེན་གསུམ་དང་གྲོང་ཁྱེར་གཅིག་གི་སྐྱེ་ཁམས་སྲུང་སྐྱོབ་ཀྱི་ཉེན་མཚམས་འབྲེལ་མཐུད་ལེགས་པོ་ཡོང་བར་ཤུགས་སྣོན་པ་དང་། སྐྱེ་ཁམས་ཀྱི་ལྕགས་རི་དང་སྐྱེ་ཁམས་བར་ཁྱམས་གལ་ཆེན་ལ་མཉམ་དུ་སྲུང་སྐྱོང་བྱེད་པར་སྐུལ་འདེད་གཏོང་བ། རླུང་ཁམས་ཆེན་མོ་དང་ཆུ། ས་རྒྱུ་བཅས་ཀྱི་འབག་བཙོག་ལ་ཕྱོགས་བསྡུས་སྒོས་བཅོས་སྐྱོང་བྱེད་པར་ཤུགས་སྣོན་པ། ས་མཚམས་ལས་བརྒལ་བའི་ཆུར་མཉམ་དུ་འགན་སྲུང་དང་བཅོས་སྐྱོང་གཏིང་ཟབ་བྱེད་པ། ནུས་ཁུངས་གྲོན་ཆུང་དང་སྙིགས་རོ་འདོར་བ། ཐཱན་ཉུང་གཏོང་ས་ཁོངས་ཀྱི་སྲིད་ཇུས་མཐུན་སྦྱོར་ཡོང་བར་ཤུགས་སྣོན་པ་བཅས་བྱས་ཏེ། ས་ཁོངས་ལྗང་མདོག་བཟོ་སྐྲུན་མ་ལག་འཛུགས་སྐྲུན་བྱེད་དགོས། འབག་བཙོག་མེད་པའི་ཐོན་སྐྱེད་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བ་དང་། གཙོ་གནད་ཁྱབ་ཁོངས་དང་གཙོ་གནད་ལས་རིགས་ཀྱི་ནུས་ཁུངས་གྲོན་ཆུང་དང་ཐཱན་ཉུང་གཏོང་གི་ཕན་འབྲས་ཆེ་རུ་གཏོང་བར་སྐུལ་འདེད་གཏོང་བ། ལྗང་མདོག་ཐཱན་ཉུང་ཐོན་ལས་ཀྱི་མ་ལག་འཛུགས་པ་དང་དེ་སྔར་ལས་འཐུས་ཚང་དུ་གཏོང་བ། རྒྱུན་མཐུད་ངང་ཐོན་སྐྱེད་དང་འཚོ་བ་སྐྱེལ་སྟངས་གང་མགྱོགས་ཀྱིས་གྲུབ་པར་བྱེད་དགོས། ས་ཁོངས་ལས་བརྒལ་བའི་བཙོག་འབུད་དབང་ཆ་བརྗེ་རེས་ལམ་ལུགས་བཙུགས་ཏེ། ཐཱན་རྩེར་སོན་དང་ཐཱན་སྙོམས་སྦྱོར་ལ་ཧུར་ཐག་གིས་སྐུལ་འདེད་གཏོང་དགོས། ནུས་ཁུངས་མ་ལག་གསར་པར་འཆར་འགོད་འཛུགས་སྐྲུན་བྱས་ནས། ཞིང་ཆེན་དང་གྲོང་ཁྱེར་བར་གྱི་གློག་ཤུགས་ཕན་ཚུན་རོགས་རམ་ལ་སྐུལ་འདེད་གཏོང་དགོས། འབྲི་ཆུའི་ནང“ལོ་བཅུའི་རིང་ཉ་བཟུང་མི་ཆོག”ཅེས་པའི་སྲིད་ཇུས་ལ་མུ་མཐུད་སྐུལ་འདེད་བཏང་ནས། མཉམ་འབྲེལ་ཁྲིམས་འཛིན་ལ་ཤུགས་སྣོན་དགོས། སྐྱེ་ཁམས་ཐོན་རྫས་ཀྱི་རིན་ཐང་མངོན་འགྱུར་ལམ་སྲོལ་འཐུས་ཚང་དུ་བཏང་ནས། སྐྱེ་ཁམས་ཀྱི་ལེགས་ཆ་དེ་དཔལ་འབྱོར་གྱི་ལེགས་ཆ་རུ་བསྒྱུར་བའི་ཐབས་ལམ་རྒྱ་སྐྱེད་གཏོང་དགོས་ཞེས་གསུངས།

ཞི་ཅིན་ཕིང་གིས་འབྲི་ཆུའི་ཟུར་གསུམ་གླིང་ས་ཁོངས་ཀྱིས་བདེ་འཇགས་འཕེལ་རྒྱས་ཀྱི་ནུས་པ་ཆེ་རུ་གཏོང་དགོས། སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བ་ལག་བསྟར་དང་ཚད་མཐའི་བསམ་བློ་རྒྱུན་འཁྱོངས། འཕེལ་རྒྱས་དང་བདེ་འཇགས་ལ་སྤྱི་འདོམས་ཡག་པོ་བཅས་བྱས་ཏེ། རྒྱལ་ཁབ་དང་ས་ཁོངས་ཀྱི་བདེ་འཇགས་དང་འབྲེལ་བ་ཡོད་པའི་ཚན་རྩལ་དང་ཐོན་ལས། དངུལ་རྩ་སོགས་ཁྱབ་ཁོངས་དང་རྨང་གཞིའི་སྒྲིག་ཆས་གལ་ཆེན་ལ་དམ་པོར་དམིགས་རྒྱུ་དང་། ཉེན་ཁ་སྔོན་འགོག་ཚོད་འཛིན་མ་ལག་དང་ནུས་པ་འཛུགས་སྐྲུན་ལ་ཤུགས་བསྣན་ནས། བདེ་འཇགས་འཕེལ་རྒྱས་ཀྱི་རྨང་གཞི་སྔར་ལས་ཇེ་བརྟན་དུ་གཏོང་དགོས། འབྲི་ཆུའི་ཟུར་གསུམ་གླིང་གི་ཐོན་ལས་མ་ལག་འཐུས་ཚང་དུ་གཏོང་རྒྱུ་དང་། མ་ལག་ཚང་ཞིང་ནུས་པ་ཆེ་བའི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ནས། རྒྱལ་ཇུས་དམངས་ཚིས་དང་འབྲེལ་བ་ཡོད་པའི་ཁྱབ་ཁོངས་གལ་ཆེན་དང་གནད་འགག་ལྷུ་ཚིགས་ཁྲོད་འབྲེལ་ཐག་གསབ་རེས་བྱེད་པའི་བྱ་སྤྱོད་ལག་བསྟར་བྱེད་དགོས་པར་མ་ཟད། དབུས་ནུབ་རྒྱུད་ས་ཁུལ་བར་གྱི་ཐོན་ལས་མཉམ་ལས་ལ་ཤུགས་བསྣན་ནས། ཐོན་ལས་ཕྲེང་འབྲེལ་གྱི་མཉེན་གཤིས་དང་བདེ་འཇགས་ཆུ་ཚད་མཐོ་རུ་གཏོང་གང་ཐུབ་བྱེད་དགོས། དངུལ་རྩའི་ཁྱབ་ཁོངས་ཀྱི་ལམ་ལུགས་ཅན་གྱི་སྒོ་མོ་བརྟན་པོའི་ངང་རྒྱ་སྐྱེད་གཏོང་བ་དང་། རྒྱལ་ཁོངས་ལས་བརྒལ་བའི་དངུལ་གཏོང་དང་མ་རྩ་མཉམ་འདྲེས་སྟབས་བདེ་ཅན་དུ་གཏོང་བ། གོ་རིམ་ཧྲིལ་པོའི་ཉེན་ཁ་སྔོན་འགོག་དང་ཚོད་འཛིན་ལ་ཤུགས་སྣོན་པ་བཅས་བྱས་ནས། རྒྱལ་ཁབ་ཀྱི་དངུལ་རྩའི་བདེ་འཇགས་ལ་སྔར་ལས་ལེགས་པའི་སྒོ་ནས་སྲུང་སྐྱོབ་བྱེད་དགོས། ཕྱི་ཕྱོགས་མཉམ་ལས་ཀྱི་བདེ་འཇགས་ལ་མཐོང་ཆེན་བླ་ལྷག་བྱས་ནས། ཐོན་ལས་ཕྲེང་འབྲེལ་ལུགས་མཐུན་དང་གོ་རིམ་ལྡན་པའི་ངང་ས་མཚམས་བརྒལ་ནས་བཀོད་སྒྲིག་བྱ་རྒྱུར་ཁྲིད་སྟོན་བྱེད་དགོས། མི་དམངས་གྲོང་ཁྱེར་ནི་མི་དམངས་ཀྱི་ཆེད་དུ་འཛུགས་སྐྲུན་བྱེད་ཀྱིན་པའི་ལམ་ཕྱོགས་རྒྱུན་འཁྱོངས་བྱས་ནས། གྲོང་ཁྱེར་གྱི་དེང་རབས་ཅན་གྱི་བཅོས་སྐྱོང་ཆུ་ཚད་སྔར་ལས་མཐོ་རུ་གཏོང་བ་དང་། མཉེན་གཤིས་གྲོང་ཁྱེར་འཛུགས་སྐྲུན་ལ་མགྱོགས་མྱུར་ངང་སྐུལ་འདེད་གཏོང་བ། གྲོང་ཁྱེར་གྱི་བདེ་འཇགས་སྔོན་འགོག་མ་ལག་འཐུས་སྒོ་ཇེ་ཚང་དུ་གཏོང་བ། གྲོང་ཁྱེར་གྱི་གཞི་རྩའི་འཁོར་སྐྱོད་འགན་ལེན་མ་ལག་ལ་ཤུགས་སྣོན་པ་བཅས་བྱས་ནས། གནོད་འགོག་གནོད་སེལ་གནོད་སྐྱོབ་བཅས་ཀྱི་ནུས་པ་མངོན་སུམ་གྱིས་ཆེ་རུ་གཏོང་དགོས་ཞེས་ནན་གྱིས་གསུངས།

ཞི་ཅིན་ཕིང་གིས་འབྲི་ཆུའི་ཟུར་གསུམ་གླིང་གི་གཞི་གཅིག་ཅན་འཕེལ་རྒྱས་ལ་སྐུལ་འདེད་གཏིང་ཟབ་གཏོང་བར་ངེས་པར་དུ་ཏང་གི་ཕྱོགས་ཡོངས་ཀྱི་མགོ་ཁྲིད་རྒྱུན་འཁྱོངས་དང་དེར་ཤུགས་སྣོན་དགོས། ཀྲུང་དབྱང་གི་ས་ཁོངས་མཐུན་སྦྱོར་འཕེལ་རྒྱས་མགོ་ཁྲིད་ཚན་ཆུང་གི་གཅིག་གྱུར་འཆར་འགོད་དང་མཐུན་སྦྱོར་གྱི་འགན་ནུས་འདོན་སྤེལ་གང་ལེགས་བྱེད་རྒྱུ་དང་། འཆར་འགོད་རྩ་གནད་ཀྱི་འཐབ་ཇུས་སྣེ་སྟོན་ནུས་པ་རྒྱུན་འཁྱོངས་བྱེད་དགོས། ཞིང་ཆེན་གསུམ་དང་གྲོང་ཁྱེར་གཅིག་གིས་ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་ལག་བསྟར་ནན་ཏན་བྱེད་རྒྱུ་དང་། རྩ་འཛུགས་མགོ་ཁྲིད་དང་བརྟག་དཔྱད་ཞིབ་འཇུག་ལ་ཤུགས་སྣོན་པ། མཐུན་སྦྱོར་མཉམ་གྲོས་དང་ལྟ་སྐུལ་ཞིབ་བཤེར་ལ་ཤུགས་སྣོན་པ། གནད་དོན་གལ་ཆེན་ཐག་གཅོད་པར་སྐུལ་འདེད་གཏོང་བ། བཅོས་སྒྱུར་གལ་ཆེན་དོན་འཁྱོལ་ཡོང་བར་སྐུལ་འདེད་གཏོང་བ། གཙོ་གནད་ལས་འགན་དོན་འཁྱོལ་ཡོང་བར་སྐུལ་འདེད་བཅས་བྱེད་དགོས། བློ་དཀར་གཞུང་དྲང་དང་སྤྱོད་གཙང་བབ་བརླིང་། འགན་འཁུར་ཕོད་པ་བཅས་ཀྱི་བྱང་ཚད་མཐོ་བའི་ཆེད་ལས་ཅན་གྱི་ལས་བྱེད་པའི་དཔུང་སྡེ་འཛུགས་སྐྲུན་ལ་ཤུགས་བསྣན་ནས། ལས་བྱེད་པས་བློ་ཁོག་ཆེན་པོའི་སྒོ་ནས་གསར་འབྱེད་དང་འགན་འཁྲི་འཁུར་ཕོད་པར་སྐུལ་མ་གཏོང་དགོས། བརྗོད་དོན་སློབ་གསོ་སྐོར་ཐེངས་གཉིས་པ་དམ་འཛིན་ཡག་པོ་བྱས་ནས། ཕྱོགས་ཡོངས་ནས་ཏང་ནན་སྐྱོང་ལ་སྐུལ་འདེད་གཏིང་ཟབ་བཏང་སྟེ། རུལ་སུངས་བྱེད་མི་ཕོད་པ་དང་རུལ་སུངས་བྱེད་མི་ནུས་པ། རུལ་སུངས་བྱེད་མི་འདོད་པ་བཅས་ལ་གཅིག་གྱུར་སྒོས་སྐུལ་འདེད་གཏོང་བ་དང་། རིམ་པ་སོ་སོའི་ཏང་རྩ་འཛུགས་ཀྱི་ཆབ་སྲིད་ཀྱི་ནུས་པ་དང་རྩ་འཛུགས་ཀྱི་ནུས་པ་མངོན་སུམ་གྱིས་ཆེ་རུ་བཏང་སྟེ། སྒྲིག་ཁྲིམས་ནན་མོ་དང་སྤྱོད་ལམ་བབ་བརླིང་། སྤྱོད་གཙང་བཅས་ཀྱི་སྒོ་ནས་ལས་དོན་ཁག་དོན་ཐོག་ཏུ་འཁྱོལ་བར་འགན་ལེན་བྱེད་དགོས་ཞེས་གསུངས།

ལིས་ཆང་གིས་གསུང་བཤད་གནང་སྐབས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་ནན་ཏན་དང་གོ་བ་གཏིང་ཟབ་ལེན་པ་དང་ལག་བསྟར་དངོས་འབེབས་བཅས་བྱས་ནས། འབྲི་ཆུའི་ཟུར་གསུམ་གླིང་གཞི་གཅིག་ཅན་འཕེལ་རྒྱས་གཏོང་རྒྱུ་དེ་རྒྱལ་ཁབ་འཕེལ་རྒྱས་ཀྱི་ཁྱོན་ཡོངས་ཀྱི་འཐབ་ཇུས་ཁྲོད་བཞག་ནས། དེའི་ངེས་གནས་ལ་བསམ་གཞིགས་གཏོང་རྒྱུ་དང་། རྒྱལ་ཡོངས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྣེ་ཁྲིད་བྱེད་པའི་ཁྲོད་བཞག་ནས་འཆར་འགོད་བྱེད་པ། དཔལ་འབྱོར་འཕར་སྣེ་དང་འཕེལ་རྒྱས་ཀྱི་སྒུལ་ཤུགས་འབྱུང་ཁུངས། བཅོས་སྒྱུར་གྱི་ཚོད་ལྟ་བྱེད་གནས་བཅས་ཀྱི་ནུས་པ་འདོན་སྤེལ་ཡག་པོ་བྱས་ནས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྔར་ལས་ལེགས་པའི་སྒོ་ནས་འདེགས་སྐྱོར་དང་ཞབས་འདེགས་ཞུ་དགོས། དཔལ་འབྱོར་འཁོར་རྒྱུག་སྔར་ལས་གེགས་མེད་ཡོང་བར་བྱས་ནས། ཐོན་ཁུངས་ཀྱི་རྒྱུ་རྐྱེན་གཙོ་བོ་འཁོར་རྒྱུག་ལུགས་མཐུན་དང་བཀོད་སྒྲིག་ནུས་ལྡན་ཡོང་བར་བྱས་ཏེ། རྒྱལ་ཡོངས་གཅིག་གྱུར་གྱི་ཁྲོམ་ར་ཆེན་པོ་བསྐྲུན་རྒྱུར་སྐུལ་འདེད་གཏོང་བ་དང་། ཐོན་ལས་དང་དཔལ་འབྱོར་བཀོད་སྒྲིག་ལུགས་མཐུན་ཡོང་བར་ཁྲིད་སྟོན་བྱེད་དགོས། ཚད་གཞི་མཐོ་བའི་རྒྱལ་སྤྱིའི་དཔལ་འབྱོར་ཚོང་དོན་གྱི་སྒྲིག་སྲོལ་ལ་རང་འགུལ་ངང་འབྲེལ་མཐུད་བྱས་ནས། ལམ་ལུགས་རྣམ་པའི་སྒོ་མོ་འབྱེད་རྒྱ་ཆེ་རུ་བཏང་སྟེ། ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་འབྱེད་སྤེལ་རྒྱུ་དང་། རྒྱལ་སྤྱིའི་ཚོང་ཟོག་དང་ཐོན་ཁུངས་ཀྱི་རྒྱུ་རྐྱེན་གཙོ་བོའི་ཡིད་དབང་འགུག་ཤུགས་ཆེ་རུ་གཏོང་དགོས། ལེགས་ཆ་འདོན་སྤེལ་གང་ལེགས་དང་ཁྱད་ཆོས་མངོན་གང་ཐུབ་བྱས་ཏེ། མཉམ་ལས་གཏིང་ཟབ་དང་ཕན་ཚུན་གྱི་ནུས་པ་བརྒྱུད་སྤྲོད་བྱས་ཏེ།  ས་གནས་སོ་སོའི་རང་ངོས་ཀྱི་ལེགས་ཆ་དེ་ས་ཁོངས་ཀྱི་ལེགས་ཆ་རུ་འགྱུར་བར་བྱས་ནས། མཉམ་དུ་ས་ཁོངས་འཕེལ་རྒྱས་ཀྱི་སྤྱི་ཡོངས་ཀྱི་ཕན་ནུས་ཆེ་རུ་གཏོང་དགོས་ཞེས་གསུངས།

ལིས་ཀན་ཅེ་དང་ཧི་ལིས་ཧྥུན། ཝུའུ་ཀྲིན་ལུང་། མུའུ་ཧུང་། ཅང་ཞིན་ཀྲི་བཅས་བཞུགས་མོལ་ཚོགས་འདུར་ཞུགས་པ་དང་། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཁག་དང་འབྲེལ་ཡོད་ས་གནས། འབྲེལ་ཡོད་ཁེ་ལས་བཅས་ཀྱི་འགན་འཁུར་བློ་མཐུན་བཞུགས་མོལ་ཚོགས་འདུར་ཞུགས།

བན་དེ་སྐྱབས་ཀྱིས་བསྒྱུར།