ཟླ11པའི་ཚེས30ཉིན། མཚོ་སྔོན་ཞིང་ཆེན་ཚན་རིག་ལག་རྩལ་བྱ་བའི་ཚོགས་ཆེན་ཟི་ལིང་དུ་བསྡུས་པ་དང་། ཚོགས་འདུ་ལས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཚན་རྩལ་གསར་གཏོད་སྐོར་གྱི་རྣམ་བཤད་གལ་ཆེན་དང་མཚོ་སྔོན་དུ་རྟོག་ཞིབ་མཛད་སྐབས་ཀྱི་གསུང་བཤད་དགོངས་དོན་གལ་ཆེན་ནན་ཏན་གྱིས་ལག་བསྟར་དང་དངོས་འབེབས་བྱས་ལ། ཞིང་ཆེན་ཡོངས་ཀྱི་ཚན་རྩལ་ལས་དོན་འཕེལ་རྒྱས་དང་དེང་རབས་ཅན་གྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པའི་ཐད་འབུར་ཐོན་བྱས་རྗེས་བཞག་པའི་ཚན་རྩལ་མི་སྣ་དང་ཚན་ཞིབ་དཔུང་ཁག་ལ་གཟེངས་བསྟོད་བྱ་དགའ་བྱིན་པར་མ་ཟད། ཞིང་ཆེན་ཡོངས་ཀྱི་གོང་འོག་ཚང་མས་གསར་གཏོད་སྒུལ་ཤུགས་འཕེལ་རྒྱས་ཀྱི་འཐབ་ཇུས་ལག་བསྟར་བྱེད་པར་སྐུལ་འདེད་བཏང་བ་དང་། ཚན་རྩལ་གསར་གཏོད་ཀྱིས་སྤུས་ཚད་མཐོན་པོའི་འཕེལ་རྒྱས་ཀྱི་སྒུལ་ནུས་གསར་བ་དང་དགེ་མཚན་གསར་བ་བསྐྲུན་ཏེ། དེང་རབས་ཅན་གྱི་མཚོ་སྔོན་འཛུགས་སྐྲུན་བྱེད་ཆེད་ནུས་ལྡན་གྱི་ཚན་རྩལ་འདེགས་སྐྱོར་འདོན་སྤྲོད་བྱེད་དགོས་པའི་སྐུལ་མ་བཏང་།
ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཁྲིན་ཀང་ཚོགས་འདུར་ཞུགས་པར་མ་ཟད། 2022ལོའི་མཚོ་སྔོན་ཞིང་ཆེན་གྱི་ཚན་རྩལ་བྱས་རྗེས་ཆེན་མོའི་བྱ་དགའ་ཐོབ་མཁན་ཝེ་ལིས་ཞིན་ལ་བྱ་དགའ་བྱིན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཝུའུ་ཞའོ་ཅུན་གྱིས་གཏམ་བཤད་པ་དང་། ཚོགས་ཞུགས་མགོ་ཁྲིད་བློ་མཐུན་གྱིས་རང་བྱུང་ཚན་རིག་དང་། གསར་གཏོད་གསར་སྤེལ། ཚན་རྩལ་ཡར་ཐོན་གྱི་བྱ་དགའ་ཨང་དང་པོ་དང་། གཉིས་པ། གསུམ་པ་བཅས་ཐོབ་མཁན་གྱི་འཐུས་མིར་བྱ་དགའ་བྱིན།
ཝུའུ་ཞའོ་ཅུན་གྱིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཚབ་བྱས་ཏེ། བྱ་དགའ་ཐོབ་པའི་མི་སྣ་དང་ལས་ཁུངས་སོགས་ལ་རྟེན་འབྲེལ་ཞུས་པ་དང་། ཞིང་ཆེན་ཡོངས་ཀྱི་རྒྱ་ཆེའི་ཚན་རྩལ་བྱ་བ་སྒྲུབ་མཁན་ལ་ལྷག་བསམ་རྣམ་དག་གིས་འཚམས་འདྲི་བྱས་ཤིང་། མཚོ་སྔོན་གྱི་ཚན་རྩལ་ལས་དོན་འཕེལ་རྒྱས་ལ་ཐུགས་ཁུར་རྒྱབ་སྐྱོར་གནང་བའི་ལས་རིགས་ཁག་གི་མི་སྣར་བཀའ་དྲིན་ཞུས། ཝུའུ་ཞའོ་ཅུན་གྱིས་བསྟན་དོན། འདས་པའི་ལོ་གཅིག་གི་རིང་། ཞིང་ཆེན་ཡོངས་ཀྱི་གོང་འོག་ཡོངས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་འཛིན་པའི་རྒྱུན་བསྐྱངས་ཤིང་། ཤུགས་ཆེན་པོས་གསར་གཏོད་སྒུལ་ཤུགས་འཕེལ་རྒྱས་ཀྱི་འཐབ་ཇུས་དང་། ཚན་རྩལ་གྱི་ཞིང་ཆེན་སྟོབས་ལྡན་འཐབ་ཇུས། འཇོན་མིའི་ཞིང་ཆེན་སྟོབས་ལྡན་འཐབ་ཇུས་བཅས་ལག་བསྟར་བྱས་ནས། གསར་གཏོད་རང་བཞིན་གྱི་ཞིང་ཆེན་བསྐྲུན་པའི་མྱུར་ཚད་ཇེ་མགྱོགས་སུ་བཏང་། ཞིང་ཆེན་ཡོངས་ཀྱི་ཚན་རྩལ་རྐྱེན་སྲོལ་བཅོས་སྒྱུར་ལ་སྐུལ་འདེད་ཟབ་མོ་བཏང་སྟེ། ཚན་རྩལ་གསར་གཏོད་ཀྱི་སྟེགས་བུ་འཛུགས་པར་གྲུབ་འབྲས་གང་མང་བླངས་པར་མ་ཟད། ཚན་རྩལ་ནུས་པའི་སྤུས་ཚད་མཐོན་པོའི་འཕེལ་རྒྱས་བྱ་བ་སྔར་ལས་ནུས་ཡོད་དུ་གྱུར་བ་དང་། ཚན་རྩལ་གསར་གཏོད་ལས་དོན་མུ་མཐུད་རྒྱ་བསྐྱེད་དེ། ཚན་རྩལ་གསར་གཏོད་ཀྱི་ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཐད་ཀྱི་འདེགས་སྐྱོར་དང་སྣེ་ཁྲིད་ནུས་པ་ཉིན་རེ་བཞིན་ཇེ་དྲག་ཏུ་སོང་། ཞིང་ཆེན་ཡོངས་ཀྱི་རྒྱ་ཆེའི་ཚན་རྩལ་བྱ་བ་སྒྲུབ་མཁན་གྱིས་སྤྱི་ཡོངས་ལ་དམིགས་པ་དང་། མི་དམངས་སེམས་ལ་བཟུང་ནས། སེམས་ཞིབ་མོས་འཚོལ་ཞིབ་བྱས་པ་དང་སྒེར་སེམས་མེད་པའི་སྙིང་སྟོབས་ཀྱིས་བྱས་རྗེས་གལ་ཆེན་བཞག
ཝུའུ་ཞའོ་ཅུན་གྱིས་ནན་གྱིས་བསྟན་དོན། ཆེས་ཆེ་བ་གསུམ་གྱི་ཞིང་ཆེན་གྱི་ངེས་གནས་དང་སྔར་ལས་གལ་ཆེ་བ་གསུམ་གྱི་འཐབ་ཇུས་གོ་གནས་ལ་རྐང་བཙུགས་ཏེ། རྒྱལ་ཁབ་ལ་མཁོ་གལ་ཆེ་བ་དང་། མཚོ་སྔོན་གྱིས་སྒྲུབ་ཐུབ་པ། མང་ཚོགས་ལ་རེ་ལྟོས་ཆེ་བ། འབྱུང་འགྱུར་ལ་ཕྱོགས་སྟོན་བྱེད་ཐུབ་པ་བཅས་ལ་དམིགས་ཏེ། ནུས་ཤུགས་སྔར་ལས་ཆེན་པོས་གནད་འགག་དཀྱིལ་སྙིང་གི་ལག་རྩལ་འགག་གཏོར་ལ་སྐུལ་འདེད་གཏོང་བ་དང་། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་བསྐྲུན་པ་དང་། ཐོན་ལས་ཀྱི་གནས་བཞི་བསྐྲུན་པ། དམངས་ཚིས་ལེགས་བཅོས་བྱེད་པ་བཅས་གཙོ་རྒོལ་ཁ་ཕྱོགས་སུ་བཟུང་སྟེ། ཁྱད་ལྡན་ཁྱབ་ཁོངས་ཀྱི་རྨང་གཞིའི་ཞིབ་འཇུག་ལ་ཤུགས་སྣོན་པ་དང་། གནད་འགག་ལག་རྩལ་འགག་གཏོར་ལ་ཤུགས་སྣོན་དགོས་ཤིང་། གསར་གཏོད་དགེ་མཚན་དེ་འཕེལ་རྒྱས་དགེ་མཚན་དུ་བསྒྱུར་བར་སྐུལ་འདེད་གཏོང་དགོས། གོམ་སྟབས་མྱུར་མོས་ཚན་རྩལ་གསར་གཏོད་མ་ལག་འཛུགས་པར་སྐུལ་འདེད་བཏང་སྟེ། ཚན་ཞིབ་གསར་གཏོད་ཀྱི་སྟེགས་བུ་བསྐྲུན་པར་ཤུགས་སྣོན་པ་དང་། ཁེ་ལས་གསར་གཏོད་ཀྱི་གོ་གནས་ཇེ་མཐོར་གཏོང་དགོས། ཚན་རྩལ་གྲུབ་འབྲས་ཚུལ་སྒྱུར་བྱེད་ཤུགས་ཇེ་ཆེར་གཏོང་བ་དང་། ཐོན་སྐྱེད་དང་སློབ་སྦྱོང་། ཞིབ་འཇུག བཀོད་སྤྱོད་བཅས་ཟུང་འབྲེལ་བྱེད་པ་དང་། གོང་འོག་བར་གསུམ་སྦྲེལ་མཐུད་བྱེད་པ། ཁེ་ལས་ཆེ་འབྲིང་ཆུང་གསུམ་མཉམ་སྡེབ་བྱེད་པ་བཅས་ཀྱི་གསར་གཏོད་མ་ལག་མྱུར་དུ་གྲུབ་པར་བྱེད་དགོས། ཆུ་ཚད་སྔར་ལས་མཐོ་བའི་སྒོ་ནས་གསར་གཏོད་འཇོན་མིའི་དཔུང་ཁག་འཛུགས་སྐྲུན་བྱེད་པར་སྐུལ་འདེད་བཏང་ནས། འཇོན་མིའི་ཞིང་ཆེན་སྟོབས་ལྡན་གྱི་འཐབ་ཇུས་ལག་བསྟར་ཟབ་མོ་བྱེད་པ་དང་། ནུས་ཤུགས་ཆེན་པོས་རང་ས་གནས་ཀྱི་འཇོན་མི་གསོ་སྐྱོང་བྱེད་དགོས། འཇོན་མི་ནང་འདྲེན་རྐྱེན་སྲོལ་ལེགས་སྒྱུར་བྱེད་པ་དང་། གསར་གཏོད་སྐྱེ་ཁམས་ཁྱོན་ཡོངས་ནས་ཇེ་ལེགས་སུ་གཏོང་དགོས། སེམས་ཤུགས་མཉམ་འདོན་གྱིས་འཇོན་མི་གསོག་འཇོག་དང་འཇོན་མི་གསོ་སྐྱོང་། འཇོན་མི་བསྡུ་རུབ་ནང་འདྲེན། འཇོན་མི་བཀོལ་སྤྱོད་བཅས་བྱེད་དགོས། རིམ་པ་སྔར་ལས་ཟབ་པའི་སྒོ་ནས་ཚན་རྩལ་རྐྱེན་སྲོལ་བཅོས་སྒྱུར་བྱེད་པར་སྐུལ་འདེད་གཏོང་བ་དང་། མཐོ་སྒང་གི་ཐོན་ཁུངས་ནུས་ཁུངས་གཅིག་སྡུད་བྱེད་པ། ཚན་རྩལ་ཐོན་ཁུངས་སྡེབ་སྒྲིག་བྱེད་ཚད་ཇེ་ལེགས་སུ་གཏོང་བ། ཚན་རྩལ་ཁྱབ་ཁོངས་བཅོས་སྒྱུར་བྱེད་པར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། ཚན་རྩལ་གསར་གཏོད་ཀྱི་སྤྱིའི་ཕན་ནུས་ཇེ་མཐོར་གཏོང་དགོས། མཐོང་རྒྱ་སྔར་ལས་ཡངས་པའི་སྒོ་ནས་ཕྱི་ཕྱོགས་བརྗེ་རེས་མཉམ་ལས་ལ་སྐུལ་འདེད་བཏང་ནས། རང་འགུལ་གྱིས་རྒྱལ་ཁབ་ཚན་རྩལ་གསར་གཏོད་ཀྱི་འཐབ་ཇུས་གལ་ཆེན་ཁྲོད་འདྲེས་པར་བྱེད་པ་དང་། ཁྱོན་ཡོངས་དང་རིམ་པ་མང་བ། ཁྱབ་ཁོངས་ཡངས་པ་བཅས་ཀྱི་ཚན་རྩལ་གསར་གཏོད་ཀྱི་སྒོ་འབྱེད་མཉམ་ལས་ཇེ་ཟབ་ཏུ་བཏང་སྟེ། ཚན་རྩལ་གསར་གཏོད་ཀྱི་སྣ་མང་མཉམ་འགུལ་དང་སྣེ་མང་འདེགས་སྐྱོར་མངོན་འགྱུར་བྱེད་དགོས།
ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། རྒྱུན་ལས་ཧྲིན་ཀྲང་གཞོན་པ་ཝང་ལིན་ཧུའུ་ཡིས་མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གི2022ལོའི་མཚོ་སྔོན་ཞིང་ཆེན་གྱི་ཚན་རྩལ་བྱ་དགའ་གནང་བའི་ཆོད་དོན་སྒྲོག་འདོན་བྱས། ཞིང་ཆེན་གྱི་མགོ་ཁྲིད་ཀྲུའུ་ཞང་ཧྥིན་དང་། ལིའུ་ཐུང་ཏི། ཝང་ཞོན་བཅས་ཚོགས་འདུར་ཞུགས། ཧྲིན་ཀྲང་གཞོན་པ་ལིའུ་ཁྲའོ་ཡིས་མགོ་འཛིན་བྱས།
བྱ་དགའ་ཐོབ་པའི་འཐུས་མིས་ཚོགས་ཐོག་ཏུ་གཏམ་བཤད།
རིག་འཛིན་སྒྲོལ་མས་བསྒྱུར།