ཟླ11པའི་ཚེས30ཉིན་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཏེན་ཞུའེ་ཞང་གིས་ཏིས་པའེ་རུ་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་ཙུང་ཐུང་མོ་ཧན་མོ་ཏི་ལ་མཇལ་འཕྲད་གནང་།
ཏེན་ཞུའེ་ཞང་གིས་བསྟན་དོན། ཀྲུའུ་ཞི་ཞི་ཅིན་ཕིང་གིས2018ལོར་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཏུ་འཚམས་འདྲི་མཛད་ནས་ཀྲུང་གོ་དང་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་བར་གྱི་འབྲེལ་བའི་ལེའུ་གསར་པ་བརྩམས་ཏེ། རྒྱལ་ཁབ་གཉིས་ཀྱི་མཉམ་ལས་དེ་ཕྱོགས་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བའི་དུས་སྐབས་གསར་པར་སླེབས་རྒྱུར་སྐུལ་འདེད་བཏང་ཡོད། རྒྱལ་ཁབ་གཉིས་ཀྱི་འགོ་གཙོ་ཡི་འཐབ་ཇུས་ཀྱི་སྣེ་ཁྲིད་འོག་ཕྱོགས་གཉིས་ཀྱི་འབྲེལ་བར་འཕེལ་རྒྱས་སྔར་ལས་ཆེན་པོ་ཡོང་བར་ཡིད་ཆེས་ཀྱིས་ཁེངས་ཡོད། སང་ལོ་ནི་ཀྲུང་གོ་དང་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་གཉིས་བར་འབྲེལ་བ་བཙུགས་ནས་ལོ40འཁོར་བའི་ལོ་ཡིན་པས། ཕྱོགས་གཉིས་ཀྱིས་ཆབ་སྲིད་ཐད་ཕན་ཚུན་ལ་ཡིད་ཆེས་བྱེད་ཚད་སྔར་ལས་ཇེ་བརྟན་དུ་གཏོང་བ་དང་། དངོས་སྒྲུབ་མཉམ་ལས་ལ་ཤུགས་སྣོན་པ། སྤུས་ཚད་མཐོན་པོས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་བྱས་ནས་ཀྲུང་གོ་དང་ཨ་རབ་རྒྱལ་ཁབ་དང་མཚོ་ཁུག་མཉམ་ལས་ཨུ་ཡོན་ལྷན་ཁང་རྒྱལ་ཁབ་བར་གྱི་མཉམ་ལས་ཆུ་ཚད་གསར་པ་ཞིག་ཏུ་སླེབས་རྒྱུར་མཉམ་དུ་སྐུལ་འདེད་གཏོང་དགོས་ཞེས་གསུང་།
ཏེན་ཞུའེ་ཞང་གིས་བསྟན་དོན། ཕ་ལེ་སི་ཐན་དང་དབྱི་སི་རལ་གྱི་གནད་དོན་ཐད་ནས་ཀྲུང་གོའི་ལངས་ཕྱོགས་གསལ་བོ་ཡིན། དེ་ནི་འབྲེལ་ཡོད་ཕྱོགས་སོ་སོས་འཕྲལ་དུ་དམག་འཁྲུག་མཚམས་བཞག་ནས་མི་སེར་ལ་སྲུང་སྐྱོབ་བྱས་ཏེ་ཕན་ཚུན་བར་གྱི་འཁྲུག་རྩོད་ཚབས་ཇེ་ཆེར་མི་འགྲོ་བར་འབོད་སྐུལ་གཏོང་རྒྱུ་དེ་རེད། ཀྲུང་གོ་མུ་མཐུད་དུ་ཞི་བདེ་དྲང་གཞག་གི་ཕྱོགས་སུ་ལངས་ནས་ཕ་ལེ་སི་ཐན་མི་དམངས་ཀྱིས་མི་རིགས་ཀྱི་ཁེ་དབང་ལ་སྲུང་སྐྱོབ་བྱེད་པའི་དྲང་བདེན་བྱ་གཞག་ལ་རྒྱབ་སྐྱོར་བྱས་ཏེ། “རྒྱལ་ཁབ་གཉིས་ཀྱི་ཇུས་གཞི”སྔ་མོ་ནས་དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་བཏང་ནས་ཕ་ལེ་སི་ཐན་གྱི་གནད་དོན་ཁྱོན་ཡོངས་དང་དྲང་གཞག རྒྱུན་སྲིང་བཅས་ཀྱི་སྒོ་ནས་ཐག་གཅོད་བྱེད་པར་སྐུལ་འདེད་གཏོང་རྒྱུ་ཡིན། ཀྲུང་གོ་ཕྱོགས་ཀྱིས་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་དང་མཉམ་དུ་འབད་བརྩོན་བྱས་ནས་གནས་བབ་ཇེ་ལེགས་སུ་འགྲོ་རྒྱུར་སྐུལ་འདེད་བཏང་སྟེ། ས་ཁུལ་གྱི་ཞི་བདེ་བརྟན་འཇགས་སྔ་མོ་ནས་སླར་གསོ་ཡོང་རྒྱུར་མཉམ་དུ་སྐུལ་འདེད་གཏོང་འདོད་ཡོད་ཟེར།
མོ་ཧན་མོ་ཏི་ཡིས་བསྟན་དོན། ཀྲུའུ་ཞི་ཞི་ཅིན་ཕིང་གི་ཐུགས་ཁུར་དང་མཛུབ་ཁྲིད་འོག་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་དང་ཀྲུང་གོའི་འབྲེལ་བ་གོང་འཕེལ་ཆེན་པོ་བྱུང་བ་དང་། ཨ་རབ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་ཀྱིས་པྲོག་གསར་གློ་ཚད་རིམས་ནད་ལ་འགོག་རྒོལ་བྱེད་སྐབས་རྒྱབ་སྐྱོར་ཆེན་པོ་བྱས་པ་ནམ་ཡང་བརྗེད་མི་སྲིད་ལ་འབྱུང་འགྱུར་རྒྱལ་ཁབ་གཉིས་ཀྱི་མཉམ་ལས་ལ་གྲུབ་འབྲས་སྔར་ལས་ཆེན་པོ་ཐོབ་རྒྱུར་ཡིད་ཆེས་བརྟན་པོ་ཡོད། ཀྲུང་གོས་ཕ་ལེ་སི་ཐན་གྱི་དྲང་བདེན་བྱ་གཞག་ལ་བློ་བརྟན་འགྱུར་མེད་ངང་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། ཀྲུང་གོ་ཕྱོགས་ཀྱི་དྲང་གཞག་ལངས་ཕྱོགས་ལ་ཚད་མཐོའི་བསྔགས་བརྗོད་བྱ་རྒྱུ་ཡིན་ལ། ཀྲུང་གོ་ཕྱོགས་དང་མཉམ་དུ་རྒྱལ་སྤྱིའི་ས་ཁུལ་ལས་དོན་ཁྲོད་མཉམ་ལས་དམ་ཟབ་བྱས་ནས་ས་ཁུལ་དང་འཛམ་གླིང་གི་ཞི་བདེ་དང་འཕེལ་རྒྱས་བྱ་གཞག་ལ་མཉམ་དུ་སྐུལ་འདེད་གཏོང་འདོད་ཡོད་ཟེར།