ཟླ11ཚེས29ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་དྲག་ཆས་ཉེན་རྟོག་མཚོ་ཐོག་ཉེན་རྟོག་སྤྱི་ཁྱབ་རུ་ཁག་གི་ཤར་གྱི་རྒྱ་མཚོའི་མཚོ་ཁོངས་བཀོད་འདོམས་པུའུ་རུ་གཟིགས་ཞིབ་གནང་ནས། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ལག་བསྟར་གཏིང་ཟབ་བྱས་ཏེ། མཚོ་ཐོག་ཉེན་རྟོག་པའི་སྟོབས་ཤུགས་འཛུགས་སྐྲུན་དང་བེད་སྤྱོད་ཀྱི་ཁྱད་ཆོས་དང་ཆོས་ཉིད་ཁོང་དུ་ཆུད་པར་བྱས་ནས། མཚོ་ཐོག་ཁེ་དབང་སྲུང་སྐྱོབ་ཀྱི་ཁྲིམས་འཛིན་ནུས་པ་ཆེ་རུ་གཏོང་དགོས་ཞེས་ནན་གྱིས་གསུངས།
སྔ་དྲོའི་ཆུ་ཚོད10དང་སྐར་མ15སྟེང་དུ། ཞི་ཅིན་ཕིང་ཤར་གྱི་རྒྱ་མཚོའི་ཁུལ་བཀོད་འདོམས་པུའུ་ལས་ཁུངས་སུ་ཕེབས་ནས། སྤྲོ་སེམས་འཁོལ་བའི་ཐལ་མོའི་རྡེབ་སྒྲའི་ཁྲོད། བཀོད་འདོམས་པུའུ་དེའི་འབྲེལ་ཡོད་བློ་མཐུན་ཚོར་བྱམས་བརྩེའི་ངང་མཇལ་འཕྲད་གནང་བར་མ་ཟད། ཚང་མ་དང་ལྷན་དུ་དྲན་རྟེན་སྐུ་པར་བསྐྱོན།
ཞི་ཅིན་ཕིང་གིས་ཤར་གྱི་རྒྱ་མཚོའི་མཚོ་ཁོངས་བཀོད་འདོམས་པུའུ་ཡིས་ཕུལ་བའི་བྱ་བའི་སྙན་ཞུར་གསན་རྗེས། བརྙན་ལམ་ནས་མཚོ་ཐོག་ཉེན་རྟོག་པའི་དམག་གྲུའི་དཔུང་སྡེ་ཡི་ལས་འགན་སྒྲུབ་ཚུལ་ལ་གཟིགས་ཞིབ་གནང་། ཞི་ཅིན་ཕིང་གིས་ཤར་གྱི་རྒྱ་མཚོའི་མཚོ་ཁོངས་བཀོད་འདོམས་པུའུ་འཛུགས་སྐྲུན་དང་ལས་འགན་ཡོངས་འགྲུབ་བྱས་པའི་གནས་ཚུལ་ལ་ཁས་ལེན་གང་ལེགས་གནང་།
ཞི་ཅིན་ཕིང་གིས་དབང་སྲུང་ཁྲིམས་འཛིན་ནུས་ལྡན་བྱས་ནས། རང་རྒྱལ་གྱི་མངའ་ཁོངས་བདག་དབང་དང་རྒྱ་མཚོའི་ཁེ་དབང་ལ་སྲུང་སྐྱོབ་མཐའ་གཅིག་ཏུ་བྱེད་དགོས། མཚོ་ཐོག་གི་ཁྲིམས་འཛིན་མཉམ་ལས་དང་གཞོགས་འདེགས་བྱེད་པའི་ལམ་སྲོལ་འཛུགས་པ་དང་དེ་སྔར་ལས་འཐུས་ཚང་དུ་བཏང་སྟེ། མཚོ་ཐོག་གི་ཁྲིམས་འགལ་ནག་ཉེས་བཟོ་བའི་བྱ་སྤྱོད་ལ་ཁྲིམས་ལྟར་རྡུང་རྡེག་ཚ་ནན་བཏང་ནས། རང་རྒྱལ་གྱི་རྒྱ་མཚོའི་དཔལ་འབྱོར་བདེ་ཐང་ངང་འཕེལ་རྒྱས་འགྲོ་རྒྱུར་སྲུང་སྐྱོབ་བྱེད་དགོས། མཚོ་ཐོག་ཁྲིམས་འཛིན་གྱིས་ཕྱི་ཕྱོགས་བར་བརྗེ་རེས་མཉམ་ལས་བྱ་རྒྱུ་དོན་གཉེར་བྱས་ནས། རྒྱལ་སྤྱི་དང་ས་ཁུལ་གྱི་རྒྱ་མཚོའི་བཅོས་སྐྱོང་ཁྲོད་འབད་པས་ཞུགས་དགོས་ཞེས་ནན་གྱིས་གསུངས།
ཞི་ཅིན་ཕིང་གིས་མིག་སྔའི་གནས་བབ་དངོས་ནས་རྐང་ཚུགས་པར་བྱེད་རྒྱུ་དང་ཕུགས་ལ་དམ་པོར་དམིགས་ཏེ། སྤྱི་ཡོངས་ནས་ཇུས་འགོད་དང་ལས་དོན་སྤྱི་འདོམས་ལ་ཤུགས་སྣོན་པ་དང་། ལམ་ཕྱོགས་དང་བཟོ་སྐྲུན་དཔེ་རིས་ཡག་པོ་བཟོས་ནས། བཀོད་འདོམས་པུའུ་ཡི་འཛུགས་སྐྲུན་ཆུ་ཚད་མངོན་སུམ་མཐོ་རུ་གཏོང་དགོས། འབྲེལ་ཡོད་སྒྱུར་བཅོས་ལས་འགན་དོན་འཁྱོལ་བྱ་རྒྱུར་དམ་འཛིན་ཡག་པོ་བྱས་ནས། སྟོབས་ཤུགས་མ་ལག་ལེགས་གཏོང་དང་རིམ་སྤོར་ལ་སྐུལ་འདེད་བཏང་སྟེ། བཀོད་འདོམས་པུའུ་ཡི་འཛུགས་སྐྲུན་ལ་སྔར་ལས་ལེགས་པའི་ཆ་རྐྱེན་བསྐྲུན་དགོས་ཞེས་གསུངས།
ཞི་ཅིན་ཕིང་གིས་ཕྱོགས་ཡོངས་ནས་བཀོད་འདོམས་པུའུ་ཡི་ཏང་འཛུགས་སྐྲུན་ལ་ཤུགས་བསྣན་ནས། ཆབ་སྲིད་ཀྱི་ངོས་ནས་ཉམས་སད་ཐེག་ཐུབ་པར་བྱེད་དགོས། བརྗོད་དོན་སློབ་གསོ་སྐོར་ཐེངས་གཉིས་པ་ཟབ་སྤེལ་བྱེད་བཞིན་ཡོད་པས། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་གཏན་འགོག་བྱས་ཏེ། གནད་དོན་དངོས་ཐག་གཅོད་ནན་མོ་བྱས་ནས་ཕན་འབྲས་དངོས་ཐོབ་པར་བྱེད་དགོས། སློབ་གསོའི་དོ་དམ་ལ་སྔར་ལས་ཤུགས་བསྣན་ནས། རྒྱུན་གཏན་རང་བཞིན་དང་རྨང་གཞིའི་རང་བཞིན་གྱི་ལས་དོན་དོན་འཁྱོལ་བྱ་རྒྱུར་དམ་འཛིན་བྱས་ཏེ། སྒྲིག་ལམ་ཚད་ལྡན་དང་བདེ་འཇགས་བརྟན་བརླིང་ཡོང་བར་འགན་ལེན་བྱེད་དགོས། གཞི་རིམ་གྱི་འཛུགས་སྐྲུན་ལ་མཐོང་ཆེན་གང་ལེགས་བྱས་ནས། འཐབ་འཛིང་གི་བཙན་རྫོང་སྔར་ལས་སྟོབས་ལྡན་དུ་གཏོང་བ་དང་། གཞི་རིམ་གྱི་རང་བརྟེན་འཛུགས་སྐྲུན་བྱེད་ནུས་ཆེ་རུ་གཏོང་དགོས། རིམ་པ་སོ་སོས་ལྷག་བསམ་ཟོལ་མེད་སྒོས་གཞི་རིམ་གྱི་སེམས་ཁྲལ་དང་དཀའ་གནད་སེལ་དགོས་པ་དང་། ཀུན་གྱིས་བྱ་གཞག་བསྐྲུན་པའི་བརྩོན་སེམས་ལ་སྐུལ་འདེད་གཏོང་བ། སེམས་ཤུགས་གཅིག་སྒྲིལ་སྒོས་བཀོད་འདོམས་པུའུ་ཡི་འཛུགས་སྐྲུན་རྣམ་པ་གསར་པ་བསྐྲུན་པ་བཅས་བྱེད་དགོས་ཞེས་ནན་གྱིས་གསུངས།
ཧི་ཝེ་ཏུང་སོགས་བྱ་འགུལ་ལ་ཞུགས།
བན་དེ་སྐྱབས་ཀྱིས་བསྒྱུར།