ཏིན་ཞུའེ་ཞང་འཛམ་གླིང་གནམ་གཤིས་འགུལ་སྐྱོད་རྩེ་ཚོགས་ལ་ཞུགས་ནས་ཤིས་ཚིག་ཕུལ།
2023.12.02 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 17

ཟླ11ཚེས30ཉིན་ནས་ཟླ12ཚེས1ཉིན་བར་དུ། ཀྲུའུ་ཞི་ཞི་ཅིན་ཕིང་གི་དམིགས་བསལ་འཐུས་མི། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཏིན་ཞུའེ་ཞང་གིས་ཏིས་པའེ་རུ། འཛམ་གླིང་གནམ་གཤིས་འགུལ་སྐྱོད་རྩེ་ཚོགས་ལ་ཞུགས་ནས་ཤིས་ཚིག་ཕུལ།

ཏིན་ཞུའེ་ཞང་གིས་ལོ་བརྒྱད་ཀྱི་སྔོན་ལ། ཀྲུའུ་ཞི་ཞི་ཅིན་ཕིང་གིས་རྒྱལ་ཁབ་སོ་སོའི་མགོ་ཁྲིད་དང་མཉམ་དུ། ཆབ་སྲིད་ཀྱི་ཆོད་སེམས་བརྟན་པོ་དང་བློ་གྲོས་ཆེན་པོར་བརྟེན་ནས《ཕ་རི་སིའི་གྲོས་མཐུན》ལ་གྲོས་འཆམ་བྱུང་སྟེ། འཛམ་གླིང་ཧྲིལ་པོའི་མཉམ་ལས་ཀྱིས་གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་འཇལ་བའི་སྐྱོད་ལམ་གསར་པ་བཏོད། ཀྲུང་གོས་ཐོག་མཐའ་བར་གསུམ་དུ་ཁ་དན་ཚིག་ལ་གནས་པའི་སྒོ་ནས། འཛམ་གླིང་ཧྲིལ་པོའི་གནམ་གཤིས་བཅོས་སྐྱོང་ཐད་བྱས་རྗེས་ཆེན་པོ་བཞག་ཡོད། ཀྲུང་གོ་ཕྱོགས་ཀྱིས་ལྗང་མདོག་འཕེལ་རྒྱས་དང་ནུས་ཁུངས་གསར་བརྗེ། གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་འཇལ་བའི་རྒྱལ་སྤྱིའི་མཉམ་ལས་བཅས་ལ་སྐུལ་འདེད་ཆེན་པོ་བཏང་སྟེ། རྒྱ་ཆེའི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱིས་གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་འཇལ་བའི་ནུས་པ་མངོན་སུམ་ཆེ་རུ་གཏོང་བར་རྒྱབ་སྐྱོར་བྱ་རྒྱུ་ཡིན་ཞེས་གསུངས།

ཏིན་ཞུའེ་ཞང་གིས་གནམ་གཤིས་འགྱུར་ལྡོག་གི་འགྲན་སློང་མདུན་དུ། མིའི་རིགས་ཀྱི་ལས་སྐལ་གཅིག་ཏུ་འབྲེལ་ཡོད་པའི་དབང་གིས། ཕྱོགས་སོ་སོས་མཉམ་དུ་ཁ་གཏད་འཇལ་བའི་ཆོད་སེམས་དང་ནུས་པ་ཆེ་རུ་གཏོང་དགོས། ཕྱོགས་མང་རིང་ལུགས་ལག་བསྟར་བྱས་ནས། 《མཉམ་འབྲེལ་རྒྱལ་ཚོགས་ཀྱི་གནམ་གཤིས་འགྱུར་ལྡོག་སྒྲོམ་གཞིའི་སྤྱི་ཆིངས》དང་དེ་བཞིན《ཕ་རི་སིའི་གྲོས་མཐུན》ནང་གཏན་འཁེལ་བྱས་པའི་དམིགས་འབེན་དང་རྩ་དོན་རྒྱུན་འཁྱོངས་བྱས་ཏེ། མཐུན་སྒྲིལ་མཉམ་ལས་ལ་ཤུགས་བསྣན་ནས། གཉིས་ཕན་གཉིས་རྒྱལ་ཡོང་བར་བྱེད་དགོས། ལྗང་མདོག་གི་ཚུལ་སྒྱུར་བྱེད་ཤུགས་སྔར་ལས་ཇེ་མགྱོགས་སུ་གཏོང་བ་དང་། སླར་བཀོལ་རུང་བའི་ནུས་ཁུངས་ཀྱི་བསྡུར་ཚད་མངོན་སུམ་མཐོ་རུ་གཏོང་བ། སྲོལ་རྒྱུན་གྱི་ནུས་ཁུངས་གཙང་མ་ཐཱན་ཉུང་དང་ཕན་འབྲས་ཆེ་བའི་ངང་ནས་སྤྱོད་པར་སྐུལ་འདེད་གཏོང་བ། ལྗང་མདོག་ཐཱན་ཉུང་གི་ཐོན་སྐྱེད་བྱེད་སྟངས་དང་འཚོ་བ་སྐྱེལ་སྟངས་གང་མགྱོགས་ངང་གྲུབ་པར་བྱེད་པ། འགུལ་སྐྱོད་དོན་འཁྱོལ་ཡོང་བར་ཤུགས་བསྣན་ནས། ད་ཡོད་ཀྱི་ཁས་ལེན་མངོན་འགྱུར་གང་ལེགས་བྱེད་པ་དང་ལྷག་པར་དུ། དར་རྒྱས་ཆེ་བའི་རྒྱལ་ཁབ་ཀྱིས་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ལ་མ་དངུལ་དང་ལག་རྩལ། ནུས་པ་བཅས་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་སྟེ། འགུལ་སྐྱོད་ཅན་གྱི་བསམ་འདུན་མངོན་འགྱུར་ཡོང་བར་བྱེད་དགོས་ཞེས་གསུངས།

བན་དེ་སྐྱབས་ཀྱིས་བསྒྱུར།