ཟླ12པའི་ཚེས1ཉིན། ཞིང་ཆེན་ཡོངས་ཀྱི་བདེ་འཇགས་ཐོན་སྐྱེད་ཀྱི་བརྙན་འཕྲིན་ཁ་པར་ཚོགས་འདུ་ཟི་ལིང་དུ་འཚོགས་པ་དང་། ཧྲིན་ཀྲང་། ཞིང་ཆེན་བདེ་འཇགས་ཐོན་སྐྱེད་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཝུའུ་ཞའོ་ཅུན་ཚོགས་འདུར་ཞུགས་ནས་གཏམ་བཤད། ཁོས་ནན་གྱིས་བསྟན་དོན། ཞི་ཅིན་ཕིང་གི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པ་དང་། རྒྱལ་ཡོངས་བདེ་འཇགས་ཐོན་སྐྱེད་ཀྱི་བརྙན་འཕྲིན་ཁ་པར་ཚོགས་འདུའི་དགོངས་དོན་དོན་འཁྱོལ་ནན་ཏན་བྱེད་པ། མི་དམངས་ལྟེ་བར་འཛིན་རྒྱུ་མཐའ་འཁྱོངས་ཀྱིས་བདེ་འཇགས་འཕེལ་རྒྱས་ཀྱི་འདུ་ཤེས་བརྟན་པོ་བཙུགས་ནས་རྟག་ཏུ་སེམས་ཁྲལ་བྱེད་པའི་འགན་འཁྲིའི་འདུ་ཤེས་ལ་བརྟེན་ནས་མི་མངོན་པའི་རྐྱེན་ངན་གྲལ་བཤེར་དང་། ཉེན་ཁའི་དོ་དམ་ཚོད་འཛིན། མི་འདང་ས་ཁ་གསབ་བྱེད་པ་བཅས་བྱས་ཏེ་གཙོ་གནད་ལས་རིགས་ཁྱབ་ཁོངས་ཀྱི་བདེ་འཇགས་ཉེན་ཁ་ཚོད་འཛིན་ནན་མོ་བྱེད་པ་དང་། ད་ལོའི་ལོ་མཇུག་དང་སང་ལོའི་ལོ་མགོའི་བདེ་འཇགས་ཐོན་སྐྱེད་ཀྱི་ལས་དོན་ནུས་ཤུགས་ཡོད་རྒུས་ཡག་པོ་སྒྲུབ་པ། དོན་རྐྱེན་ཚབས་ཆེན་འབྱུང་བར་སྔོན་འགོག་མཐའ་གཅིག་ཏུ་བྱེད་པ་བཅས་བྱས་ནས་མི་དམངས་མང་ཚོགས་ཀྱི་རྒྱུ་ནོར་དང་ཚེ་སྲོག་བདེ་འཇགས་ལ་སྲུང་སྐྱོང་ཏན་ཏིག་བྱེད་དགོས།
ཝུའུ་ཞའོ་ཅུན་གྱིས་བསྟན་དོན། ལོ་མཇུག་དང་ལོ་སྟོད་ནི་བདེ་འཇགས་ཐོན་སྐྱེད་ཀྱི་དོན་རྐྱེན་འབྱུང་སླ་བའི་དུས་སྐབས་ཡིན་པས། བདེ་འཇགས་ཐོན་སྐྱེད་ཡག་པོ་བསྒྲུབ་རྒྱུ་དེ་གཏན་ཕབ་གཉིས་ལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་པ་དང་སྲུང་སྐྱོབ་གཉིས་ལེགས་པོར་བསྒྲུབ་པའི་ཆབ་སྲིད་ཀྱི་ཞིབ་བཤེར་དུ་བརྩིས་ནས་བྱ་བའི་འགན་འཁྲིའི་བསམ་པ་དང་དགོས་གཏུགས་ཀྱི་བསམ་པ་ཆེ་རུ་གཏོང་དགོས། མེ་འགོག་ཁྱབ་ཁོངས་ཀྱི་ཉེན་ཁ་སྔོན་འགོག་ཚོད་འཛིན་ལ་ཤུགས་སྣོན་བརྒྱབ་སྟེ་ཚོང་ལས་ཕྱོགས་བསྡུས་ཁུལ་ཆེ་གྲས་དང་། ཐོག་བརྩེགས་ཁང་པ། སྡོད་ཁུལ་རྙིང་པ། ས་ཚིགས་རྙིང་པ། བཟོ་གྲྭ་རྙིང་བ། གཉེར་སྐྱོང་རང་བཞིན་གྱི་རང་བསྐྲུན་ཁང་པ། སྨན་ཁང་དང་། སློབ་གྲྭ། རྒན་གསོ་ཁང་སོགས་གཙོ་གནད་ཁུལ་ལ་དམ་པོར་དམིགས་ཏེ་མངོན་མེད་རྐྱེན་ངན་གྲལ་བཤེར་བཅོས་སྒྲིག་དང་། རྒྱུན་གཏན་གྱི་ལྟ་སྐུལ་དོ་དམ་ཁྲིམས་འཛིན། མེ་འགོག་དྲིལ་བསྒྲགས་བཅས་ལ་གཅིག་གྱུར་ཐོག་སྐུལ་འདེད་གཏོང་དགོས། གཏེར་རིའི་ཁྱབ་ཁོངས་ཀྱི་ཉེན་ཁ་སྔོན་འགོག་ཚོད་འཛིན་ལ་ཤུགས་སྣོན་བརྒྱབ་ནས་གཏེར་རིའི་མི་མངོན་པའི་གནོད་འཚེ་ཐོན་རྐྱེན་ལ་ཡོངས་ཁྱབ་ཞིབ་བཤེར་དང་། གཏེར་རིའི་བདེ་འཇགས་ཉེན་ཁ་ཚབས་ཆེན་དོ་དམ་ཚོད་འཛིན། གཏེར་རིའི་གནོད་འཚེ་ཚབས་ཆེན་བཅོས་སྐྱོང་། མི་མངོན་པའི་རྐྱེན་ངན་གྲལ་བཤེར་ཆེད་དོན་བཅོས་སྐྱོང་། ཁྲིམས་འགལ་རྡུང་རྡེག་དང་སྒྲིག་འགལ་བཅོས་སྐྱོང་བཅས་ལ་སྐུལ་འདེད་ཤུགས་ཆེན་གཏོང་དགོས། འགྲིམ་འགྲུལ་དང་། ཨར་སྐྲུན། གྲོང་ཁྱེར་དང་གྲོང་རྡལ་གྱི་འབར་རླངས། ཉེན་ཡོད་རྫས་འགྱུར་དངོས་རྫས། ཤོག་སྦག དམིགས་བསལ་སྒྲིག་ཆས། སློབ་གསོ་སོགས་གཙོ་གནད་ཁྱབ་ཁོངས་ཀྱི་ཉེན་ཁ་སྔོན་འགོག་ཚོད་འཛིན་ལ་ཤུགས་སྣོན་བརྒྱབ་ནས་བདེ་འཇགས་ཀྱི་མི་མངོན་པའི་རྐྱེན་ངན་མུ་མཐུད་དུ་བཅོས་སྒྲིག་བྱེད་དགོས། རང་བྱུང་གནོད་འཚེ་འགོག་ཟོན་དང་ཁ་གཏད་གཅོག་རྒྱུར་ཤུགས་སྣོན་བརྒྱབ་ནས་ནུས་ཤུགས་ཡོད་རྒུས་འཁྱག་གྲང་གནོད་འཚེ་འགོག་ཟོན་དང་ནགས་ཚལ་རྩྭ་ཐང་གི་མེ་གསོད་བྱ་བ་ཡག་པོར་སྒྲུབ་དགོས།
ཝུའུ་ཞའོ་ཅུན་གྱིས་ནན་གྱིས་བསྟན་དོན། ཉེན་ཁ་དང་མངོན་མེད་རྐྱེན་ངན་གྲལ་བཤེར་ལ་ཤུགས་སྣོན་ཏན་ཏིག་བརྒྱབ་ནས་གནད་དོན་ཤེས་རྟོགས་བྱེད་པའི་འདུ་ཤེས་ཇེ་ཟབ་ཏུ་གཏོང་བ་དང་། གནད་དོན་ཤེས་རྟོགས་བྱེད་པའི་ནུས་པ་ཆེ་རུ་གཏོང་བ། གནད་དོན་ཤེས་རྟོགས་བྱེད་པའི་ཐབས་ལམ་བདེ་བླག་ཡོང་བ། གནད་དོན་དག་ཐེར་བྱེད་པའི་ཕན་འབྲས་ཆེ་རུ་གཏོང་བ་བཅས་བྱས་ནས་མངོན་མེད་རྐྱེན་ངན་ཆུང་བ་དེ་ཉེན་ཁ་ཆེ་བའི་དོན་རྐྱེན་ཆེན་པོར་འགྱུར་བར་བཀག་འགོག་མཐའ་གཅིག་ཏུ་བྱེད་དགོས། “ཏང་སྲིད་ཀྱི་འགན་འཁྲི་མཉམ་འཁུར་དང་། ལས་གནས་གཅིག་ནས་འགན་འཁྲི་གཉིས་འཁུར་བ། མཉམ་འཛིན་སྤྱི་སྒྲུབ། འགན་ཤོར་འགན་འཁྲི་བདའ་འདེད”བཅས་མཐའ་འཁྱོངས་བྱས་ཏེ་བདེ་འཇགས་ཐོན་སྐྱེད་ཀྱི་འགན་འཁྲིའི་ལམ་ལུགས་དོན་འཁྱོལ་ནན་མོ་བྱེད་དགོས། མིག་གིས་མར་ལ་བལྟ་བ་དང་གཞི་རིམ་གྱི་མཐའ་སྣེར་དམིགས་རྒྱུ་མཐའ་འཁྱོངས་ཀྱིས་འཐབ་ཕྱོགས་དང་པོའི་ལས་གནས་ཀྱི་བདེ་འཇགས་དོ་དམ་ལ་དམ་འཛིན་ནན་མོ་བྱེད་པ་དང་། འཕྲལ་སྡོམ་སྔོན་ཇུས་འཐུས་ཚང་དུ་གཏོང་བ། འཕྲལ་སྡོམ་དངོས་ཟོག་གྲབས་གསོག་བྱེད་ཤུགས་ཆེ་རུ་གཏོང་བ། ལས་ཞུགས་མི་སྣའི་བདེ་འཇགས་བྱང་ཚད་དང་རྩལ་ནུས་ཆེ་རུ་གཏོང་བ། བདེ་འཇགས་ཐོན་སྐྱེད་ཀྱི་གཞི་རིམ་གྱི་རྨང་གཞི་ཇེ་བརྟན་དུ་གཏོང་བ་བཅས་བྱེད་དགོས། བདེ་འཇགས་ལྟ་སྐུལ་ཁྲིམས་འཛིན་ལ་ཤུགས་སྣོན་བརྒྱག་པ་དང་། བདེ་འཇགས་ལྟ་སྐུལ་ཁྲིམས་འཛིན་དཔུང་སྡེ་འཛུགས་སྐྲུན་བྱེད་རྒྱུར་ཤུགས་སྣོན་བརྒྱག་པ། འགན་འཁྲི་དོན་འཁྱོལ་ལམ་སྲོལ་འཐུས་ཚང་དུ་བཏང་ནས་བདེ་འཇགས་ཐོན་སྐྱེད་ཀྱི་ལྟ་སྐུལ་ཁྲིམས་འཛིན་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་དགོས། རྩ་བཅོས་མཁྲེགས་གཏོར་ལ་སྐུལ་འདེད་གཏིང་ཟབ་གཏོང་བ་དང་། བདེ་འཇགས་ཐོན་སྐྱེད་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་རྒྱུར་སྐུལ་འདེད་བཏང་སྟེ་ཆུ་ཚད་མཐོ་བའི་བདེ་འཇགས་ལ་བརྟེན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་འགན་སྲུང་བྱེད་དགོས།
རྒྱུན་ལས་ཧྲིན་ཀྲང་གཞོན་པ། ཞིང་ཆེན་བདེ་འཇགས་ཐོན་སྐྱེད་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་ཝང་ལིན་ཧུའུ་ཡིས་ཚོགས་འདུར་འགོ་འཛིན་བྱས་ནས་རྒྱལ་ཡོངས་བདེ་འཇགས་ཐོན་སྐྱེད་ཀྱི་བརྙན་འཕྲིན་ཁ་པར་ཚོགས་འདུའི་དགོངས་དོན་བརྒྱུད་བསྒྲགས་བྱས་པ་དང་། ཞིང་ཆེན་ཡོངས་ཀྱི་བདེ་འཇགས་ཐོན་སྐྱེད་ཀྱི་གནས་བབ་ཁྱབ་བསྒྲགས་བྱས། ཧྲིན་ཀྲང་གཞོན་པ། ཞིང་ཆེན་བདེ་འཇགས་ཐོན་སྐྱེད་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་ཚེ་རིང་ཐར་དང་། དབྱང་ཀྲི་ཝུན། ལིའུ་ཁྲའོ། ཝང་ཧའེ་ཧུང་བཅས་ཚོགས་འདུར་ཞུགས།
ཚོགས་འདུ་བརྙན་ལམ་བརྒྱུད་ནས་རྫོང་རིམ་པའི་བར་འཚོགས་པ་རེད།
ཤ་བོ་གསེར་མཚོས་བསྒྱུར།