རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་གིས་ཟླ་བཅུ་གཉིས་པའི་ཚེས་གཅིག་ཉིན་མགོ་འཛིན་མཛད་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་བསྡུས་ཏེ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ཕྱོགས་བསྡུས་ལྟ་སྐུལ་ཞིབ་བཤེར་ལ་སྐུལ་འདེད་བཏང་བའི་གནས་ཚུལ་སྙན་ཞུར་ཉན་པ་དང་། རྒྱལ་ཁབ་ཕྱི་ནང་གི་ཉོ་ཚོང་གཞི་གཅིག་ཅན་གྱི་འཕེལ་རྒྱས་ཇེ་མགྱོགས་སུ་གཏོང་བའི་བྱེད་ཐབས་འགའ་ཞིབ་འཇུག་བྱས་ནས་གཏན་འཁེལ་གསལ་བོ་བྱས་པར་མ་ཟད། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གཏེར་ཁའི་ཐོན་ཁུངས་བཅའ་ཁྲིམས་ཀྱི་བཟོ་བཅོས་འཆར་ཟིན་ལ་གྲོས་བསྡུར་བྱས་པ་དང་། སྐྱེ་དངོས་འདེབས་འཛུགས་ཐོན་ལས་ཅན་གྱི་འབྲེལ་ཡོད་བྱ་བར་ཞིབ་འཇུག་བྱས།
གྲོས་ཚོགས་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ཕྱོགས་བསྡུས་ལྟ་སྐུལ་ཞིབ་བཤེར་ལ་སྐུལ་འདེད་གཏོང་བའི་བྱ་བའི་ཐད་ནས་བླངས་པའི་གྲུབ་འབྲས་བཟང་བོ་ཁས་ལེན་གང་ལེགས་བྱས་པ་དང་། ཐེངས་འདིའི་ལྟ་སྐུལ་ཞིབ་བཤེར་ལས་རྙེད་པའི་གནད་དོན་ལས་ཁེ་ལས་དང་མང་ཚོགས་ཀྱི་བྲེལ་དཀའ་ཁྲལ་སྒུག་དང་བྱ་བར་སྐུལ་འདེད་གཏོང་བའི་དཀའ་གནད་གཅིག་བསྡུས་ཀྱིས་མཚོན་ཡོད་ཅིང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་དམིགས་ནས། འབྲེལ་ཡོད་ཕྱོགས་ཀྱིས་ལྟ་སྐུལ་ཞིབ་བཤེར་ལས་རྙེད་པའི་གནད་དོན་རེ་རེ་བཞིན་ལེགས་བཅོས་བྱེད་པ་དམ་འཛིན་བྱེད་པ་དང་། ཕན་ཚུན་རིགས་བསྒྲེས་ནས་འབྲེལ་ཡོད་བྱ་བ་ལེགས་བཅོས་བྱེད་དགོས་ལ། ཟོལ་མེད་ཀྱིས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དངོས་འབེབས་བྱེད་པར་སྐུལ་འདེད་གཏོང་དགོས། ལྟ་སྐུལ་ཞིབ་བཤེར་ལས་འཚོལ་སྡུད་བྱས་པའི་བསམ་འཆར་གྲོས་གཞིར་མཐོང་ཆེན་དང་ཞིབ་འཇུག་བྱས་ནས། འབྲེལ་ཡོད་སྲིད་ཇུས་བྱེད་ཐབས་གཏན་འབེབས་བྱས་ཏེ་འདོན་སྐབས་བསྡུ་ལེན་བྱེད་དགོས།
གྲོས་ཚོགས་ནས་བསྟན་དོན། རྒྱལ་ཁབ་ཕྱི་ནང་གི་ཉོ་ཚོང་གཞི་གཅིག་ཅན་གྱི་འཕེལ་རྒྱས་ཇེ་མགྱོགས་སུ་གཏོང་བ་ནི་འཕེལ་རྒྱས་རྣམ་པ་གསར་བ་འཛུགས་པ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ནང་གི་དགོས་མཁོ་ཡིན་ཞིང་། རྒྱལ་སྤྱིའི་སྔོན་ཐོན་ཆུ་ཚད་གཞིར་བཟུང་སྟེ། རྒྱལ་ནང་གི་འབྲེལ་ཡོད་སྒྲིག་སྲོལ་དང་ལམ་ལུགས། དོ་དམ། ཚད་གཞི་སོགས་མྱུར་མོར་ལེགས་སྒྲིག་བྱས་ནས་འཐུས་ཚང་དུ་བཏང་ནས། རྒྱལ་ཁབ་ཕྱི་ནང་གི་ཉོ་ཚོང་ཚད་གཞིའི་སྦྲེལ་མཐུད་དང་། ཞིབ་བཤེར་ངོས་ལེན་གྱི་སྦྲེལ་མཐུད། ལྟ་རྟོག་དོ་དམ་གྱི་སྦྲེལ་མཐུད་བཅས་ལ་སྐུལ་འདེད་བཏང་སྟེ། རྒྱལ་ཁབ་ཕྱི་ནང་གི་ཉོ་ཚོང་ཐོན་རྫས་དག་གཅིག་མཐུན་གྱི་ཚད་གཞི་ལྟར་སྤུས་ཚད་གཅིག་འདྲ་ཡོང་བར་སྐུལ་འའདེད་གཏོང་དགོས། ཁེ་ལས་ཀྱི་དགོས་མཁོ་དང་ཚོང་རའི་ཕྱིར་ལྡོག་ལ་དམ་པོར་དམིགས་ནས་དུས་ལྟར་སྲིད་ཇུས་ལག་བསྒྱུར་བྱེད་པ་དང་། ཟོལ་མེད་ཀྱིས་རྒྱལ་ཁབ་ཕྱི་ནང་གི་ཉོ་ཚོང་གཞི་གཅིག་ཅན་ལ་བཀག་རྒྱ་བཟོ་བའི་དཀའ་གནད་མེད་པར་བཟོས་ཏེ། ཁེ་ལས་ཀྱིས་རྒྱལ་ནང་དང་རྒྱལ་སྤྱིའི་ཚོང་ར་གཉིས་ལ་བདེ་བླག་ངང་བསྟུན་ཐུབ་པར་རོགས་འདེགས་བྱེད་དགོས།
རྒྱལ་ཁབ་ཕྱི་ནང་གི་ཉོ་ཚོང་གཞི་གཅིག་ཅན་གྱི་འཕེལ་རྒྱས་ཁོར་ཡུག་ལེགས་བསྒྱུར་བྱེད་པ་དང་། འབྲེལ་ཡོད་ཀྱི་ནོར་སྲིད་དངུལ་ལོར་གྱི་རྒྱབ་སྐྱོར་སྲིད་ཇུས་དངོས་འབེབས་བྱས་ནས། མཉམ་དུ་རྒྱལ་ཁབ་ཕྱི་ནང་གི་ཉོ་ཚོང་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས།
གྲོས་ཚོགས་ནས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གཏེར་ཁའི་ཐོན་ཁུངས་བཅའ་ཁྲིམས་ཀྱི་བཟོ་བཅོས་འཆར་ཟིན་ལ་རྩ་བའི་སྟེང་ནས་གྲོས་འཆམ་བྱུང་བ་དང་། བཟོ་བཅོས་འཆར་ཟིན་དེ་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ལ་གྲོས་ཞིབ་བྱེད་པར་སྤྲོད་རྒྱུ་ཐག་བཅད།
གྲོས་ཚོགས་ནས་བསྟན་དོན། གཏེར་ཁའི་ཐོན་ཁུངས་ནི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དངོས་པོའི་རྨང་གཞི་གལ་ཆེན་ཞིག་ཡིན་པ་དང་། གནས་བབ་ཀྱི་འགྱུར་ལྡོག་གཞིར་བཟུང་ནས་གཏེར་ཁའི་ཐོན་ཁུངས་བཅའ་ཁྲིམས་ལ་བཟོ་བཅོས་འོས་འཚམ་བྱེད་དགོས་ལ། ཁྲིམས་ལྟར་གཏེར་ཁའི་ཐོན་ཁུངས་གསར་སྤེལ་སྲུང་སྐྱོབ་བྱེད་པ་དང་། རྒྱལ་ཁབ་ཀྱི་འཐབ་ཇུས་ཐོན་ཁུངས་ཀྱི་བདེ་འཇགས་ལ་འགན་སྲུང་བྱེད་པར་དགོས་གལ་ཧ་ཅང་ཆེ། སྔོག་འདོན་གསར་སྤེལ་དང་གསོག་འཇོག་དང་ཐོན་ཚད་ཇེ་མང་དུ་འགྲོ་བར་སྐུལ་འདེད་གཏོང་བ་དང་། རྒྱལ་སྤྱིའི་མཉམ་ལས་ཇེ་ཟབ་ཏུ་བཏང་སྟེ། གསོག་འཇོག་མ་ལག་གི་འཛུགས་སྐྲུན་ལ་ཤུགས་སྣོན་བྱས་ནས། གཏེར་ཁའི་ཐོན་ཁུངས་ཀྱི་འགན་སྲུང་རྨང་གཞི་ཇེ་བརྟན་དུ་གཏོང་དགོས། ཤུགས་ཆེན་པོས་ལག་རྩལ་དང་སྒྲིག་ཆས་གསར་གཏོད་བྱེད་པ་དང་། ཐོན་ལས་ལྷད་མེད་ཅན་དང་རིག་ནུས་ཅན་གྱི་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས། གཏེར་ཁའི་ཐོན་ཁུངས་དང་ཐོན་ལས་མུ་འབྲེལ་ཅན། འགྲན་རྩོད་ནུས་པ་བཅས་ལ་སྐུལ་འདེད་གཏོང་དགོས།
གྲོས་ཚོགས་ནས་སྐྱེ་དངོས་འདེབས་འཛུགས་ཐོན་ལས་ཅན་གྱི་འབྲེལ་ཡོད་གནས་ཚུལ་སྐོར་གྱི་སྙན་ཞུར་ཉན་པ་དང་། སྔར་ལས་ལྷག་པའི་སྒོག་ནས་འབྲེལ་ཡོད་ཀྱི་བྱེད་ཐབས་ཞིབ་ཚགས་འཐུས་ཚང་དུ་བཏང་ནས། ལྟ་རྟོག་དོ་དམ་ནན་མོ་བྱེད་པ་དང་ཉེན་ཁར་ཚོད་འཛིན་ནན་མོ་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག སེམས་ཆུང་རྣམ་ཆུང་གིས་གོ་རིམ་ལྡན་པར་འབྲེལ་ཡོད་བྱ་བར་སྐུལ་འདེད་གཏོང་དགོས་པ་ནན་བཤད་བྱས།
གྲོས་ཚོགས་ནས་ད་རུང་གནད་དོན་གཞན་པར་ཞིབ་འཇུག་བྱས།
བསོད་ནམས་ཚེ་རིང་གིས་བསྒྱུར།