ཞིང་ཆེན་ཏང་ཨུའི་གཅིག་གྱུར་བཀོད་སྒྲིག་ལྟར། ཟླ་བཅུ་གཅིག་པའི་ཚེས་ཉེར་བདུན་ཉིན་ནས་ཚེས་ཉེར་དགུ་ཉིན་བར། ཞིང་ཆེན་ཏང་ཨུའི་སྐོར་ཞིབ་ཚན་ཆུང་ལྔ་པས་སྔ་གཞུག་ཏུ་མཚོ་ཤར་གྲོང་ཁྱེར་དང་མཚོ་ཤར་གྲོང་ཁྱེར་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ཨུ་ཡོན་ལྷན་ཁང་། མཚོ་ཤར་གྲོང་ཁྱེར་ཏང་ཨུའི་རྩ་འཛུགས་པུའུ། ལི་ཏུའུ་ཆུའུ། ཕེན་ཨན་ཆུའུ། མེན་ཧི་རྫོང་། ཧུའུ་ཀྲུའུ་རྫོང་། ཟི་ལིང་གྲོང་ཁྱེར་མཁར་ཤར་ཁུལ་དང་མཁར་བྱང་ཁུལ། ཧོང་ཀྲུང་ཆུའུ། རྟ་ཐང་རྫོང་། སྟོང་སྐོར་རྫོང་། ཞིང་ཆེན་འགྲིམ་འགྲུལ་མ་རྐང་ཚོད་འཛིན་སྡེ་ཚོགས་ཚད་ཡོད་ཀུང་ཟི། ཞིང་ཆེན་རྒྱལ་དབང་རྒྱུ་ནོར་དོ་དམ་ཚད་ཡོད་ཀུང་ཟི་བཅས་ཀྱི་བཅའ་སྡོད་བྱ་བ་ཡོངས་འགྲུབ་བྱས་པར་མ་ཟད་སྐོར་ཞིབ་བྱ་བ་དངོས་སུ་སྤེལ། སྐོར་ཞིབ་བྱེད་སའི་ས་ཁུལ་དང་སྡེ་ཁག་གིས་སོ་སོར་སྐོར་ཞིབ་བཅའ་སྡོད་སྐུལ་སློང་གྲོས་ཚོགས་བསྡུས། ཚོགས་ཐོག་ཏུ། སྐོར་ཞིབ་ཚན་ཆུང་སོ་སོའི་ཚན་གཙོ་ཡིས་སྐུལ་སློང་གཏམ་བཤད་སྤེལ་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྐོར་ཞིབ་བྱ་བའི་སྐོར་གྱི་རྣམ་བཤད་གལ་ཆེན་སློབ་སྦྱོང་དང་ལག་བསྟར་བྱེད་པ་དང་། སྐབས་བཅུ་བཞི་པའི་ཞིང་ཆེན་ཏང་ཨུའི་སྐོར་ཞིབ་ཐེངས་བཞི་པའི་སྐུལ་སློང་བཀོད་སྒྲིག་གྲོས་ཚོགས་ཀྱི་དགོངས་དོན་དོན་འཁྱོལ་བྱེད་པ། དྲི་བ་གཅིག་ལ་དྲིས་ལན་འདེབས་པ་བཅས་བྱས་ནས་ཐེངས་འདིའི་སྐོར་ཞིབ་བྱ་བ་བཟང་བོར་བསྒྲུབ་པའི་ཐད་ནས་རེ་བ་བཏོན།
སྐོར་ཞིབ་ཚན་ཆུང་གི་ཚན་གཙོས་ནན་གྱིས་བསྟན་དོན། སྐོར་ཞིབ་ནི་ཏང་གི་རང་ངོས་གསར་བརྗེ་ལ་སྐུལ་འདེད་གཏོང་བ་དང་ཏང་ཕྱོགས་ཡོངས་ནས་བཅས་སྐྱོང་ནན་མོ་བྱེད་པའི་འཐབ་ཇུས་རང་བཞིན་གྱི་ལམ་ལུགས་བཀོད་སྒྲིག་དང་། གནད་དོན་འཚོལ་བ་དང་གནད་དོན་ཐག་གཅོད་པའི་ཕན་ཡོད་བྱེད་ཐབས་ཡིན་པས། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་བྱེད་པ་རྒྱུན་འཁྱོངས་བྱེད་པ་དང་། ཀྲུང་དབྱང་གི་སྐོར་ཞིབ་བྱ་བའི་བྱེད་ཕྱོགས་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ། ཆབ་སྲིད་སྐོར་ཞིབ་འགན་ནུས་གྱི་གནས་ཐིག་གཏན་ཁེལ་བརྟན་སྲུང་བྱས་ཏེ། དོན་འཁྱོལ་བཞི་ལ་དམིགས་ནས་ཆབ་སྲིད་ལྟ་སྐུལ་སྤེལ། གྲོང་ཁྱེར་དང་རྫོང་གི་སྐོར་ཞིབ་ཐད་ནས་ཏང་གི་ལམ་ཕྱོགས་བྱེད་ཕྱོགས་སྲིད་ཇུས་དང་། ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་དང་ཞིང་ཆེན་ཏང་ཨུའི་བྱ་བའི་རེ་བ་ལག་བསྟར་བྱས་པའི་གནས་ཚུལ་ལ་རྒྱུས་ལོན་ཟབ་མོ་བྱེད་པ་དང་། གཙོ་བོར་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་ཤུགས་སྣོན་པ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱལ་ལ་སྐུལ་འདེད་གཏོང་བ། མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་བྱེད་པ། གྲོང་གསེབ་དར་སྤེལ་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ་སོགས་ཕྱོགས་སུ་གནས་པའི་གནད་དོན་འཚོལ་བ། ཏང་ཕྱོགས་ཡོངས་ནས་བཅོས་སྐྱོང་ནན་མོ་བྱེད་པའི་འཐབ་ཇུས་བཀོད་སྒྲིག་གནས་ཚུལ་ལ་རྒྱུས་ལོན་ཟབ་མོ་བྱེད་པ་དང་། གཙོ་བོར་འགོ་ཁྲིད་དང་པོས་འགན་འཁྲི་མི་སྣ་དང་པོའི་འགན་འཁྲི་ལག་བསྟར་བྱེད་པ་དང་ཚན་ཁག་གི་ཁོངས་མིས་ལས་གཅིག་ལ་འགན་གཉིས་དོན་འཁྱོལ་བྱེད་པ། སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ལས་ཁུངས་ཀྱི་ལྟ་སྐུལ་འགན་འཁྲི་ལག་བསྟར་བྱེད་པ་དང་། ཀྲུང་དབྱང་གི་གཏན་ཁེལ་བརྒྱད་ཀྱི་དགོངས་དོན་ལག་བསྟར་བྱེད་པ། སྤྱོད་ཚུལ་འཛུགས་སྐྲུན་ལ་ཤུགས་སྣོན་པ་སོགས་ཕྱོགས་ཀྱི་གནད་དོན་འཚོལ་བ། དུས་རབས་གསར་བའི་ཏང་གི་རྩ་འཛུགས་ལམ་ཕྱོགས་གནས་ཚུལ་ལ་རྒྱུས་ལོན་གསལ་བོ་བྱེད་པ་དང་། གཙོ་བོར་འགོ་ཁྲིད་ཚན་ཁག་གི་རང་སྟེང་འཛུགས་སྐྲུན་དང་ལས་བྱེད་པ་དང་འཇོན་མིའི་དཔུང་སྡེ་འཛུགས་སྐྲུན། གཞི་རིམ་ཏང་འཛུགས་ལ་ཤུགས་སྣོན་པ་སོགས་ཕྱོགས་ཀྱི་གནད་དོན་འཚོལ་བ། སྐོར་ཞིབ་དང་རྩིས་བཤེར་སོགས་ལྟ་སྐུལ་ཞིབ་བཤེར་ཐད་ཀྱི་གནད་དོན་དག་ཐེར་ལེགས་བཅོས་བྱས་པའི་གནས་ཚུལ་ལ་རྒྱུས་ལོན་ཟབ་མོ་བྱེད་པ་དང་། གཙོ་བོར་དག་ཐེར་གྱི་འགན་འཁྲི་གཙོ་བོ་དང་ལྟ་སྐུལ་འགན་འཁྲི། དག་ཐེར་གྱི་ཕན་འབྲས་དང་གྲུབ་འབྲས་བཀོལ་སྤྱོད་སོགས་ཕྱོགས་ཀྱི་གནད་དོན་འཚོལ་དགོས། ཞིང་ཆེན་ཁོངས་གཏོགས་ཀྱི་རྒྱལ་དབང་ཁེ་ལས་ལ་སྐོར་ཞིབ་བྱེད་སྐབས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྒྱལ་དབང་ཁེ་ལས་ཀྱི་བཅོས་བསྒྱུར་འཕེལ་རྒྱས་དང་ཏང་གི་འཛུགས་སྐྲུན་སྐོར་གྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་ཞིང་ཆེན་ཏང་ཨུའི་བྱ་བའི་རེ་བ་སློབ་སྦྱོང་དང་ལག་བསྟར་བྱེད་པ་དང་། ཏང་གི་འགོ་ཁྲིད་དེ་ཀུང་ཟིའི་བཅོས་སྐྱོང་གི་ཕྱོགས་སོ་སོར་འདྲེས་པར་བྱེད་པ། ཏང་ཕྱོགས་ཡོངས་ནས་བཅོས་སྐྱོང་ནན་མོ་བྱེད་པ་དང་ཁེ་ལས་བཅོས་སྐྱོང་བྱེད་པར་སྐུལ་འདེད་བཏང་སྟེ། ཁེ་ལས་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་སུ་གཏོང་བ་སོགས་ཕྱོགས་ན་གནས་པའི་གནད་དོན་རྒྱུས་ལོན་གཏིང་ཟབ་བྱེད་པ་དང་རྙེད་པར་བྱེད་དགོས།
སྐོར་ཞིབ་བྱེད་ཡུལ་གྱི་ཏང་རྩ་འཛུགས་ཀྱི་འགན་ཁུར་མི་སྣ་གཙོ་བོས། ཆབ་སྲིད་ཀྱི་ལངས་གནས་མཐོར་འདེགས་གཏོང་བ་དང་། ལྟ་སྐུལ་དང་ལེན་བྱེད་པའི་རང་རྟོགས་རང་བཞིན་དང་རང་འགུལ་རང་བཞིན་སྔར་ལས་ཇེ་དྲག་ཏུ་བཏང་ནས། སྟོབས་ཤུགས་ཡོད་རྒུས་སྐོར་ཞིབ་ཚན་ཆུང་གིས་བྱ་བ་སྤེལ་བར་རྒྱབ་སྐྱོར་དང་གཞོགས་འདེགས་བྱེད་དགོས། ཞིང་ཆེན་ཏང་ཨུའི་སྐོར་ཞིབ་དང་ལེན་བྱེད་པ་དེ་གོ་སྐབས་སུ་བརྩི་བ་དང་། འགན་འཁྲི་ཁག་ཁུར་ཇེ་དྲག་ཏུ་གཏོང་བ། འགན་སྒྲུབ་ནན་མོ་བྱེད་པ། གཏན་ཕབ་གཉིས་ལ་གོང་བཀུར་བྱེད་པ་དང་སྲུང་སྐྱོང་གཉིས་བཟང་བོར་བསྒྲུབ་རྒྱུ་དེ་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་དང་། ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་དང་ཞིང་ཆེན་ཏང་ཨུའི་བྱ་བའི་རེ་བ་ལག་བསྟར་བྱེད་པའི་འགུལ་སྐྱོད་དངོས་ཀྱི་སྟེང་ནས་མངོན་པར་བྱས་ཏེ། རང་ས་ཁུལ་དང་རང་སྡེ་ཁག་གི་བྱ་བ་སྣ་ཚོགས་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་གཏོང་དགོས་པའི་ཚུལ་བསྟན།
ཞིང་ཆེན་ཏང་ཨུའི་སྐོར་ཞིབ་ཚན་ཆུང་སོ་སོས་སྐོར་ཞིབ་བྱེད་སའི་ས་ཁུལ་གྱི་སྡེ་ཁག་ཏུ་ཟླ་གཉིས་ཡས་མས་སུ་བྱ་བ་བསྒྲུབ་ཀྱིན་ཡིན་པ་དང་། སྐོར་ཞིབ་བྱེད་སྐབས་ཆེད་དོན་ལས་རེས་ཁ་པར་དང་སྦྲགས་སྲིད་ཡིག་སྒམ། བཤེར་རིས་ཞུ་གཏུག་སྟེགས་བུ་བཙུགས་ནས། སྐོར་ཞིབ་བྱེད་སའི་ཏང་རྩ་འཛུགས་ཀྱི་འགོ་ཁྲིད་ཚན་ཁག་དང་ཁོངས་མི། རིམ་པ་འོག་མའི་ཏང་རྩ་འཛུགས་ཀྱི་འགོ་ཁྲིད་ཚན་ཁག་གི་འགན་ཁུར་མི་སྣ་གཙོ་བོ། ལས་རྐང་གཙོ་བོའི་འགོ་ཁྲིད་ལས་བྱེད་པ་བཅས་དང་འབྲེལ་བའི་གནད་དོན་ཐད་ཀྱི་འཕྲིན་ཡིག་དང་ཁ་པར། ཞུ་གཏུག་དང་ལེན་བྱེད་རྒྱུ་ཡིན་པ་དང་། གཙོ་བོར་ཆབ་སྲིད་སྒྲིག་ལམ་དང་རྩ་འཛུགས་ཀྱི་སྒྲིག་ལམ། སྲིད་གཙང་གི་སྒྲིག་ལམ། མང་ཚོགས་ཀྱི་སྒྲིག་ལམ། བྱ་བའི་སྒྲིག་ལམ། འཚོ་བའི་སྒྲིག་ལམ་བཅས་དང་འགལ་བའི་ཕྱོགས་ཀྱི་ཞུ་གཏུག་དང་ཡར་ཞུ་དང་ལེན་བྱེད་རྒྱུ་རེད། སྐོར་ཞིབ་བདག་སྤྲོད་ཀྱི་ཁྱབ་ཁོངས་སུ་མི་གཏོགས་པའི་འཕྲིན་བཅར་གནད་དོན་གཞན་པ་དག གཏན་ཁེལ་ལྟར་སྐོར་ཞིབ་བྱེད་སའི་ས་ཁུལ་གྱི་ལས་ཁུངས་དང་འབྲེལ་ཡོད་སྡེ་ཁག་གིས་ཐག་གཅོད་བྱེད་རྒྱུ་རེད།
རིན་ཆེན་མཚོས་བསྒྱུར།