མཚོ་སྔོན་ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་གྲོས་ཚོགས་དང་རྒྱུན་ལས་གྲོས་ཚོགས་སྔ་གཞུག་ཏུ་བསྡུས།
2023.12.03 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 28

ཉེ་ལམ། མཚོ་སྔོན་ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་ཧྲུའུ་ཅི། ཧྲིན་ཀྲང་ཝུའུ་ཞའོ་ཅུན་གྱིས་སྔ་གཞུག་ཏུ་མགོ་འཛིན་བྱས་ནས་ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་གྲོས་ཚོགས་དང་རྒྱུན་ལས་གྲོས་ཚོགས་བསྡུས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན། ཀྲུང་དབྱང་གི་གྲོས་ཚོགས་གལ་ཆེན་བཅས་ཀྱི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་པ་དང་། ཞིང་ཆེན་ཏང་ཨུའི་བྱ་བའི་རེ་བ་དོན་འཁྱོལ་བྱས་ལ། འབྲེལ་ཡོད་བྱ་བར་ཞིབ་འཇུག་བྱས།

ཚོགས་ཐོག་ནས་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་གྲོས་ཚོགས་ཀྱི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས། ཚོགས་ཐོག་ནས་ནན་གྱིས་བསྟན་དོན། འབྲི་ཆུའི་དཔལ་འབྱོར་ས་ཁུལ་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་སུ་གཏོང་བའི་ཁྲོད་འདྲེས་པར་བྱེད་པ་དང་སྐུལ་འདེད་གཏོང་བ། ཆུ་ཚད་མཐོ་བའི་སྲུང་སྐྱོབ་དང་ཁུལ་ཁོངས་མཉམ་ལས་རྒྱུན་འཁོར་སྟེང་སྔར་ལས་ཤུགས་ཆེན་པོ་འདོན་པ། རི་ཆུ་ནགས་ཞིང་དང་མཚེའུ། རྩྭ་ས། བྱེ་དར་གཞི་གཅིག་ཅན་གྱི་སྲུང་སྐྱོབ་དང་སླར་གསོར་གཅིག་འདོམས་བྱས་ནས། ཁུལ་ཁོངས་འཕེལ་རྒྱས་ཀྱི་འཕར་སྣེ་གསར་བ་སྐྱེད་སྲིང་བྱེད་དགོས། ཏང་ཀྲུང་དབྱང་གི་ཕྱི་དོན་བྱ་བའི་ཐད་ཀྱི་གཅིག་བསྡུས་གཅིག་གྱུར་གྱི་འགོ་ཁྲིད་ནམ་ཡང་རྒྱུན་འཁྱོངས་བྱེད་པ་དང་། ཁ་ཕྱོགས་ཡང་དག་ཁོང་དུ་ཆུད་པར་བྱེད་པ། ཕྱི་དོན་བྱ་བ་སྐས་རིམ་གསར་བ་ཞིག་ཏུ་བསླེབ་པར་སྐུལ་འདེད་བཏང་སྟེ། རྒྱལ་ཁབ་སྤྱི་ཁོག་གི་ཕྱི་འབྲེལ་སྤྱི་ཡོངས་ལ་ཞབས་འདེགས་སྔར་ལས་བཟང་བོ་ཞུས་དགོས།

ཚོགས་ཐོག་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཐུན་མོང་སློབ་སྦྱོང་ཐེངས་བཅུ་པའི་སྟེང་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས། ཚོགས་ཐོག་ནས་ནན་གྱིས་བསྟན་དོན། ཁྲིམས་སྐྱོང་སྲིད་གཞུང་རྒྱུན་མཐུད་ངང་འཛུགས་སྐྲུན་བྱེད་པ་དང་། ཁྲིམས་སྐྱོང་གི་རྨང་གཞིའི་སྟེང་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་འབྱེད་ལ་སྐུལ་འདེད་གཏོང་བ་རྒྱུན་འཁྱོངས་བྱེད་པ། སྒོ་འབྱེད་རྒྱ་སྐྱེད་པའི་ཁྲོད་ཕྱི་འབྲེལ་ཁྲིམས་སྐྱོང་འཛུགས་སྐྲུན་བྱེད་པ། ཤེས་བྱའི་ཐོན་དབང་སྲུང་སྐྱོབ་ལ་ཤུགས་སྣོན་པ། ཕྱི་དངུལ་ཁེ་ལས་ཀྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོབ་བྱས་ནས། ཚོང་ར་ཅན་དང་ཁྲིམས་སྐྱོང་ཅན། རྒྱལ་སྤྱིའི་ཅན་གྱི་ཚོང་གཉེར་ཁོར་ཡུག་བཟང་བོ་བསྐྲུན་དགོས།

ཚོགས་ཐོག་ནས་ཟླ་བཅུ་གཅིག་པའི་ཚེས་ཉེར་བཞི་ཉིན་གྱི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་ཀྱི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས། ཚོགས་ཐོག་ནས་ནན་གྱིས་བསྟན་དོན། ལས་རིགས་གཙོ་བོ་དང་ས་ཁུལ་གཙོ་བོ་གཙིགས་སུ་འཛིན་པ་དང་། བདེ་འཇགས་ཐོན་སྐྱེད་དམ་འཛིན་བྱས་ནས། སྟོབས་ཤུགས་ཡོད་རྒུས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་རྒྱུ་ནོར་བདེ་འཇགས་ལ་སྲུང་སྐྱོབ་བྱེད་དགོས། ཆུ་ཚད་མཐོ་བའི་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་གཅིག་འདོམས་བྱེད་པ་དང་། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱེད་པ་དམ་འཛིན་བྱས་ཏེ། བཙོག་བཟོ་འགོག་བཅོས་རྒྱུན་མཐུད་ངང་སྤེལ་དགོས། དངུལ་རྩས་དམངས་ལ་ཕན་འདོགས་པ་དམ་འཛིན་བྱས་ནས། དངོས་ཕུང་དཔལ་འབྱོར་འཕེལ་རྒྱས་དང་དམངས་ཚིས་ལེགས་བསྒྱུར་ཐད་རོགས་འདེགས་བྱེད་དགོས།

ཚོགས་ཐོག་ནས་ཞིང་ཆེན་ཡོངས་ཀྱི་ད་ལོའི་དགུན་དུས་དང་སང་ལོའི་དཔྱིད་དུས་ཀྱི་དྲོད་འདོན་འགན་སྲུང་དང་མཁོ་འདོན་འགན་སྲུང་བྱ་བའི་གནས་ཚུལ་ཐད་ཀྱི་སྙན་ཞུ་ལ་ཉན། ཚོགས་ཐོག་ནས་ནན་གྱིས་བསྟན་དོན། བསམ་བློ་དང་འགུལ་སྐྱོད་གཉིས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཇུས་ཆོད་བཀོད་སྒྲིག་སྟེང་གཅིག་གྱུར་བྱེད་པ་དང་། དུས་ནམ་ཡང་སེམས་ཁུར་བྱེད་པའི་འགན་འཁྲི་ལ་བརྟེན་ནས་དྲོད་འདོན་དང་མཁོ་འདོན་འགན་སྲུང་དམ་འཛིན་བྱེད་པ། བྱ་བའི་རྐྱེན་སྲོལ་འཛུགས་པ་དང་འཐུས་ཚང་དུ་གཏོང་བ། ནུས་ཁུངས་མཁོ་འདོན་ནུས་པ་མཐོར་འདེགས་གཏོང་བ། དག་གཙང་ནུས་ཁུངས་ཀྱི་འཇུ་ལེན་རྒྱ་སྐྱེད་པ། བདེ་འཇགས་སྐོར་ཞིབ་ཐད་ཀྱི་དོ་དམ་ཚོད་འཛིན་ཇེ་དྲག་ཏུ་གཏོང་བ། འཕྲལ་བསྟུན་འགན་སྲུང་ཇུས་གཞི་འཐུས་ཚང་དུ་བཏང་སྟེ། ནུས་ཁུངས་བདེ་འཇགས་མཁོ་འདོན་དང་དྲོད་འདོན་གཏན་འཇགས་འཁོར་རྒྱུག་ལ་ཁག་ཐེག་བྱེད་དགོས།

ཚོགས་ཐོག་ནས་ནུས་ཁུངས་གསར་བའི་གློག་འདོན་ཆུ་འཐེན་གསོག་ནུས་དང་གློག་དྲ་འཛུགས་སྐྲུན་ས་ཞིང་ལ་རྒྱབ་སྐྱོར་བྱེད་པའི་སྐོར་གྱི་བྱེད་ཐབས་འགར་གྲོས་ཞིབ་བྱས་པར་མ་ཟད་རྩ་དོན་སྟེང་གྲོས་འཆམ་བྱུང་། ཚོགས་ཐོག་ནས་ནན་གྱིས་བསྟན་དོན། འཆར་འགོད་སྣེ་ཁྲིད་རྒྱུན་འཁྱོངས་བྱེད་པ་དང་། མཆན་འགོད་དོ་དམ་ཚད་ལྡན་དུ་གཏོང་བ། ས་ཞིང་མཁོ་འདོན་ལེགས་བསྒྱུར་བྱེད་པ། ཞབས་ཞུའི་ཕན་ནུས་མཐོར་འདེགས་གཏོང་བ། ཁྲིམས་འཛིན་ལྟ་སྐུལ་ལ་ཤུགས་བསྣན་ནས། ནུས་ཁུངས་གསར་བ་དང་སྐྱེ་ཁམས་ཁོར་ཡུག་མཐུན་སྦྱོར་ངང་འཕེལ་རྒྱས་སུ་གཏོང་བ་མངོན་འགྱུར་བྱེད་དགོས།

ཚོགས་ཐོག་ནས་མཚོ་སྔོན་ཞིང་ཆེན་སྲིད་གཞུང་གི་དངུལ་གཏོང་དོ་དམ་བྱེད་ཐབས་འཆར་ཟིན་དང་མཚོ་སྔོན་ཞིང་ཆེན་གྱི་ཆུ་བཀོལ་མཆན་འགོད་དང་ཆུའི་ཐོན་ཁུངས་ཀྱི་གྲོན་དངུལ་བསྡུ་རུབ་དོ་དམ་བྱེད་ཐབས་ཀྱི་བཟོ་བཅོས་འཆར་ཟིན། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གི་ཞིང་ཆེན་སྲིད་གཞུང་གི་སྒྲིག་ལམ་སྐོར་ཞིག་བཟོ་བཅོས་བྱེད་པའི་ཆོད་དོན་འཆར་ཟིན་ལ་གྲོས་ཞིབ་བྱས་པར་མ་ཟད་རྩ་དོན་སྟེང་གྲོས་འཆམ་བྱུང་།

ཚོགས་ཐོག་ནས་ད་དུང་བྱ་བ་གཞན་པར་ཞིབ་འཇུག་བྱས།

རིན་ཆེན་མཚོས་བསྒྱུར།