ཟླ12ཚེས2ཉིན། ཀྲུའུ་ཞི་ཞི་ཅིན་ཕིང་གི་དམིགས་བསལ་འཐུས་མི། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཏིན་ཞུའེ་ཞང་ཏིས་པའེ་རུ་འཚོགས་པའི། “རྒྱལ་ཁབ་དོན་བདུན་གྱི་སྡེ་ཚོགས་དང་ཀྲུང་གོའི”གནམ་གཤིས་འགྱུར་ལྡོག་གི་མགོ་ཁྲིད་པའི་རྩེ་ཚོགས་ལ་ཞུགས་ནས་ཤིས་ཚིག་ཕུལ།
ཏིན་ཞུའེ་ཞང་གིས《པ་ལིས་གྲོས་ཆོད》ཀྱིས་འཛམ་གླིང་ཧྲིལ་པོར་རྩིས་བཤེར་ཐོག་མ་བྱེད་པའི་ལོ་རྒྱུས་ཀྱི་དུས་སྐབས་འདི་འདྲར། རྒྱལ་ཁབ་དོན་བདུན་སྡེ་ཚོགས་ཀྱི་ཀྲུའུ་ཞི་རྒྱལ་ཁབ་ཡིན་པའི་ཁུ་པས་ད་ཐེངས་ཀྱི་རྩེ་ཚོགས་བསྡུ་དགོས་པའི་གྲོས་འགོ་བཏོན་པར་དོན་སྙིང་ཆེན་པོ་ལྡན། འཛམ་གླིང་སྟེང་གི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཆེ་ཤོས་ཤིག་ཡིན་པའི་ཀྲུང་གོས་ཐོག་མཐའ་བར་གསུམ་དུ། རྒྱ་ཆེའི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་དང་མཉམ་སྐྱོད་མཉམ་འགྲོགས་བྱེད་ཀྱིན་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་གིས“རྒྱལ་ཁབ་དོན་བདུན་གྱི་སྡེ་ཚོགས་དང་ཀྲུང་གོ”ནི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་མཉམ་ལས་སྟེགས་བུ་གལ་ཆེན་ཞིག་ཡིན། ལོ་འདི་དག་གི་རིང་ལ། ཀྲུང་གོས་ཧུར་བརྩོན་དང་བརྟན་བརླིང་གི་སྒོ་ནས་ཐཱན་རྩེར་སོན་དང་ཐཱན་སྙོམས་སྦྱོར་ལ་སྐུལ་འདེད་བཏང་སྟེ། རང་ཉིད་ཀྱི་རྒྱལ་སྤྱིའི་འོས་འགན་ཕྲག་སྟེང་དུ་འཁུར་བའི་དུས་མཚུངས་སུ། འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་སོ་སོས་གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་འཇལ་བར་རོགས་རམ་གང་ལེགས་བྱེད་བཞིན་ཡོད། ཀྲུང་གོས་གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་འཇལ་བའི་འཛམ་གླིང་ལྷོ་རྒྱུད་རྒྱལ་ཁབ་བར་གྱི་མཉམ་ལས་དང་། ལྗང་མདོག་གི“རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་ལ་སྐུལ་འདེད་དོན་གནས་བཏང་བར། འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཡོངས་ཀྱིས་དགའ་གུས་བྱེད་ཀྱིན་ཡོད་ཅེས་གསུངས།
ཏིན་ཞུའེ་ཞང་གིས་འཛམ་གླིང་ཧྲིལ་པོའི་གནམ་གཤིས་བཅོས་སྐྱོང་མ་ལག་སྔར་ལས་འཐུས་ཚང་དུ་གཏོང་རྒྱུར་ཆ་མཚོན་ནས་བཤད་ན། སྔར་བཞིན་ལས་འགན་ལྕི་ལ་རྒྱང་ཐག་རིང་བར་བརྟེན། རྒྱལ་ཁབ་དོན་བདུན་གྱི་སྡེ་ཚོགས་དང་ཀྲུང་གོས་དེའི་ཐད་མཉམ་དུ་འབོད་སྐུལ་བཏང་ནས། ཐུན་མོང་གི་ཁེ་དབང་ལ་སྲུང་སྐྱོབ་བྱེད་དགོས། རྒྱུན་མཐུད་འཕེལ་རྒྱས་ལ་མཉམ་དུ་སྐུལ་འདེད་གཏོང་བ་དང་ལྗང་མདོག་ཚུལ་སྒྱུར་འཕེལ་རྒྱས་ཀྱི་འཐབ་ཇུས་འབྲེལ་མཐུད་ལ་ཤུགས་སྣོན་པ། ཕན་ཚུན་རོགས་རེས་ལ་ཤུགས་སྣོན་པ་བཅས་བྱས་ནས། འཕེལ་རྒྱས་དང་སྲུང་སྐྱོབ་ཕན་ཚུན་མཐུན་སྦྱོར་ཡིན་པའི་ཐབས་ལམ་གསར་པ་འཚོལ་ཞིབ་བྱེད་དགོས། ཕྱོགས་མང་རིང་ལུགས་ལ་མཉམ་དུ་སྲུང་སྐྱོབ་བྱས་ཏེ། 《མཉམ་འབྲེལ་རྒྱལ་ཚོགས་ཀྱི་གནམ་གཤིས་འགྱུར་ལྡོག་སྒྲོམ་གཞིའི་སྤྱི་ཆིངས》དང《པ་ལིས་གྲོས་ཆོད》ནང་གཏན་འཁེལ་བྱས་པའི་དམིགས་འབེན་དང་རྩ་དོན་ལ་སྲུང་སྐྱོབ་མཐའ་གཅིག་ཏུ་བྱེད་པ། དྲང་གཞག་དྲང་བདེན་ལ་མཉམ་དུ་སྐུལ་འདེད་གཏོང་བ་དང་། གནམ་གཤིས་མ་དངུལ་དོན་འཁྱོལ་དང་འཛམ་གླིང་ཧྲིལ་པོའི་འཚམ་མཐུན་དམིགས་འབེན་སྒྲོམ་གཞི་གྲུབ་པར་བྱེད་པ་སོགས་ཀྱི་ཐད་ནས་ངོ་བོའི་རང་བཞིན་གྱི་འཕེལ་རྒྱས་ཡོང་བར་སྐུལ་འདེད་བཏང་སྟེ། གསར་དུ་བཙུགས་པའི་གྱོང་གུད་དང་གནོད་འཚེ་ཐེབས་རྩའི་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས། ཀྲུང་གོས་རྒྱ་ཆེའི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་སོ་སོ་དང་ལྷན་དུ་སྐྱིད་སྡུག་མཉམ་མྱོང་དང་མཉམ་ལས་དམ་ཟབ་བྱས་ཏེ། ལྗང་མདོག་ཐཱན་ཉུང་གི་མཛེས་པའི་འབྱུང་འགྱུར་ཕྱོགས་སུ་མཉམ་སྐྱོད་བྱེད་འདོད་ཡོད་ཅེས་གསུངས།
ཁུ་པ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཏིས་ཡ་སི-ཁ་ནེའར་དང་པ་ཞི་རྒྱལ་ཁབ་ཀྱི་ཙུང་ཐུང་ལུའུ་ལཱ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལེ་ཟི་བཅས་ཀྱིས་རྩེ་ཚོགས་སྟེང་ཤིས་ཚིག་ཕུལ།
བན་དེ་སྐྱབས་ཀྱིས་བསྒྱུར།