ཞི་ཅིན་ཕིང་གིས2023ལོའི“ཀྲུང་གོ་རྟོགས་ཐུབ་པར་བྱེད་པའི”རྒྱལ་སྤྱིའི་ཚོགས་འདུར་འཕྲིན་ཡིག་བསྐུར་ཏེ་རྟེན་འབྲེལ་ཞུས།
2023.12.03 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 36

ཟླ12པའི་ཚེས2ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས2023ལོའི“ཀྲུང་གོ་རྟོགས་ཐུབ་པར་བྱེད་པའི”རྒྱལ་སྤྱིའི་ཚོགས་འདུར་འཕྲིན་ཡིག་བསྐུར་ནས་རྟེན་འབྲེལ་ཞུས།

ཞི་ཅིན་ཕིང་གིས་དེང་སྐབས་འཛམ་གླིང་གི་དཔལ་འབྱོར་སླར་གསོ་ཡོང་ཤུགས་ཆུང་བ་དང་། ས་བབ་དང་འབྲེལ་བའི་འཁྲུག་རྩོད་ཟམ་མི་ཆད་པར་ཇེ་ཆེར་འགྲོ་བཞིན་ཡོད་ཅིང་། མིའི་རིགས་སླར་ཡང་ལོ་རྒྱུས་ཀྱི་གནད་འགག་དུས་སྐབས་སུ་སླེབས་ཡོད་པའི་དབང་གིས། ང་ཚོས་སྔར་ལས་མཉམ་དུ་ལག་གདང་སྦྲེལ་ནས་འཛམ་གླིང་ཧྲིལ་པོའི་རང་བཞིན་གྱི་འགྲན་སློང་སྣ་ཚོགས་ལ་ཁ་གཏད་འཇལ་རྒྱུ་དང་། འཛམ་གླིང་ཧྲིལ་པོ་མཉམ་དུ་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་བ། མིའི་རིགས་ཡོངས་ལ་བདེ་སྐྱིད་བསྐྲུན་པ་བཅས་བྱེད་དགོས་ཞེས་གསུངས།

ཞི་ཅིན་ཕིང་གིས་ཀྲུང་གོ་རྟོགས་ཐུབ་པར་བྱེད་པའི་འགག་རྩ་ནི། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་རྟོགས་ཐུབ་པར་བྱེད་དགོས། དེང་སྐབས། ཀྲུང་གོས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ལྡན་དུ་གཏོང་བ་དང་། མི་རིགས་བསྐྱར་དར་གྱི་རླབས་ཆེན་བྱ་གཞག་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བ་དང་མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་བསྐྲུན་རྒྱུར་སྐུལ་འདེད་གཏོང་བཞིན་ཡོད། ཀྲུང་གོའི་མདུན་ལམ་དང་ལས་དབང་དང་མིའི་རིགས་ཀྱི་མདུན་ལམ་དང་ལས་དབང་བར་འབྲེལ་བ་དམ་ཟབ་ཡོད། ང་ཚོས་ཆུ་ཚད་མཐོ་བའི་སྒོ་འབྱེད་ལ་བརྟེན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་རྒྱུན་འཁྱོངས་བྱེད་རྒྱུ་དང་། ཚོང་ར་ཅན་དང་ཁྲིམས་སྐྱོང་ཅན། རྒྱལ་སྤྱི་ཅན་བཅས་ཀྱི་ཚོང་གཉེར་ཁོར་ཡུག་རྒྱུན་མཐུད་ངང་བསྐྲུན་པ། སྒྲིག་སྲོལ་དང་དོ་དམ། ཚད་གཞི་སོགས་ཀྱི་ལམ་ལུགས་རྣམ་པའི་སྒོ་འབྱེད་བརྟན་པོའི་ངང་སྤེལ་བཞིན་ཡོད།  ང་ཚོས་བློ་བརྟན་འགྱུར་མེད་ངང་རྒྱལ་ཁབ་སོ་སོའི་བར་གྱི་ཁེ་ཕན་གཅིག་འདུས་བྱེད་ཁྱོན་ཆེ་རུ་གཏོང་བར་རྩེ་གཅིག་ཏུ་འབད་དེ། ཀྲུང་གོའི་འཕེལ་རྒྱས་གསར་པར་བརྟེན་ནས་འཛམ་གླིང་ལ་སྒུལ་ཤུགས་གསར་པ་དང་གོ་སྐབས་གསར་པ་ཟམ་མི་ཆད་པར་བསྐྲུན་འདོད་ཡོད། ཀྲུང་གོས་རྒྱལ་ཁབ་སོ་སོ་དང་ལྷན་དུ་ལག་གདང་སྦྲེལ་ནས་འབད་བརྩོན་བྱས་ཏེ། ཞི་བདེའི་ངང་འཕེལ་རྒྱས་དང་གཉིས་ཕན་མཉམ་ལས། ཐུན་མོང་ཐོག་དར་རྒྱས་བཅས་ཀྱི་འཛམ་གླིང་གི་དེང་རབས་ཅན་མངོན་འགྱུར་ཡོང་བར་རེ་ལྟོས་བྱེད་ཀྱིན་ཡོད། ཚོགས་ཞུགས་སྐུ་མགྲོན་ཚོས་ཀྲུང་གོ་དང་འཛམ་གླིང་བར་གྱི་བརྗེ་རེས་མཉམ་ལས་ལ་སྐུལ་འདེད་གཏོང་བ་དང་། ཐུན་མོང་གི་འཕེལ་རྒྱས་དར་རྒྱས་མངོན་འགྱུར་བྱེད་པ། མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་བསྐྲུན་རྒྱུར་སྐུལ་འདེད་གཏོང་བ་བཅས་ཀྱི་ཆེད་དུ་སྟོབས་ཤུགས་ཅི་ཡོད་ལེགས་སྐྱེས་སུ་འབུལ་རྒྱུའི་རེ་ལྟོས་ཆེ་ཞེས་གསུངས།

“ཀྲུང་གོ་རྟོགས་ཐུབ་པར་བྱེད་པའི”རྒྱལ་སྤྱིའི་ཚོགས་འདུ་དེ། ཀྲུང་གོ་རྒྱལ་ཁབ་གསར་གཏོད་དང་འཕེལ་རྒྱས་འཐབ་ཇུས་ཞིབ་འཇུག་ཚོགས་པ་དང་ཀྲུང་གོ་མི་དམངས་ཕྱི་འབྲེལ་སློབ་ཚོགས། ཀོང་ཏུང་ཞིང་ཆེན་མི་དམངས་སྲིད་གཞུང་བཅས་ཀྱིས་མཉམ་དུ་གཙོ་སྒྲུབ་བྱས་པ་དང་། ཚེས་གཉིས་ཉིན་ཀོང་ཀྲོའུ་རུ་ཚོགས་མགོ་བརྩམས་ཤིང་། ཐེངས་འདིའི་གྲོས་ཚོགས་ཀྱི་བརྗོད་སྙིང་ནི“ལོ་བརྒྱའི་འགྱུར་ལྡོག་འོག་གི་ཀྲུང་གོའི་བྱེད་ཕྱོགས་གསར་པ་སྟེ། ཁེ་ཕན་གཅིག་འདུས་བྱེད་ཁྱོན་ཆེ་རུ་གཏོང་བ་དང་ལས་སྐལ་གཅིག་མཐུན་ཚོགས་པ་བསྐྲུན་དགོས”ཞེས་པ་དེ་ཡིན།

བན་དེ་སྐྱབས་ཀྱིས་བསྒྱུར།