ཟླ12པའི་ཚེས3ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་“ལེང་ཀྲུའུ་གླེང་སྟེགས”སྐབས་དང་པོར་རྟེན་འབྲེལ་ཞུ་བའི་འཕྲིན་ཡིག་བསྐུར།
ཞི་ཅིན་ཕིང་གིས་བསྟན་དོན། ལེང་ཀྲུའུ་རྗེས་ཤུལ་ནི་ཀྲུང་ཧྭའི་ལོ་ངོ་ལྔ་སྟོང་གི་དཔལ་ཡོན་ལོ་རྒྱུས་ཀྱི་དོན་དངོས་ལས་ར་སྤྲོད་བྱས་པ་ཞིག་དང་འཛམ་གླིང་དཔལ་ཡོན་གྱི་རིན་ཐང་བྲལ་བའི་ནོར་བུ་ཞིག་རེད།ལོ་རྒྱུས་ཀྱི་ཆུ་རྒྱུན་རིང་མོའི་ཁྲོད་དུ་ཀྲུང་ཧྭའི་དཔལ་ཡོན་གྱིས་མཉམ་དུ་གསར་གཏོད་གསར་སྐྲུན་དང་གཅིག་རྒྱུན་གཅིག་འཛིན་མཐའ་འཁྱོངས་བྱས་ཏེ་དཔལ་ཡོན་གྱི་རྩེར་སོན་པའི་གྲུབ་འབྲས་རེ་རེ་བསྐྲུན་ཡོད། ཀྲུང་ཧྭའི་དཔལ་ཡོན་སྒོ་འབྱེད་ཁོང་ཡངས་དང་མཉམ་སྡུད་མཉམ་གསོག རྒྱུན་ཆད་མེད་པར་འཕེལ་རྒྱས་ཕུན་སུམ་ཇེ་ཚོགས་སུ་གཏོང་བ། ལོ་རྒྱུས་རིང་ལ་གསར་གཏོད་ཀྱིས་ཁེངས་པ།འཛམ་གླིང་གི་དཔལ་ཡོན་མི་འདྲ་བའི་སྙིང་བཅུད་ཟམ་མི་ཆད་པར་བསྡུ་ལེན་བཅས་བྱས་ནས་འཛམ་གླིང་དཔལ་ཡོན་གྱི་མེ་ཏོག་ལྡུམ་རའི་ནང་ཕུན་སུམ་ཇེ་ཚོགས་སུ་བཏང་ཡོད།
ཞི་ཅིན་ཕིང་གིས་བསྟན་དོན། ཕན་ཚུན་བརྩི་འཇོག་དང་དཀའ་ངལ་མཉམ་སེལ། ཞི་མཐུན་མཉམ་གནས་བཅས་ནི་མིའི་རིགས་ཀྱི་དཔལ་ཡོན་འཕེལ་རྒྱས་ཀྱི་ཡང་དག་པའི་བགྲོད་ལམ་རེད། ཕྱོགས་སོ་སོས“ལེང་ཀྲུའུ་གླེང་སྟེགས”ཀྱི་སྟེགས་བུ་བེད་སྤྱོད་གང་ལེགས་བྱས་ཏེ།“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་བྱེད་པའི་རྒྱལ་ཁབ་བར་གྱི་དཔལ་ཡོན་གླེང་མོལ་གཏིང་ཟབ་ཏུ་གཏོང་བ་དང་། འཛམ་གླིང་ཧྲིལ་པོའི་དཔལ་ཡོན་གྲོས་འགོ་ལག་ལེན་དུ་བསྟར་བ། དཔལ་ཡོན་སྤེལ་རེས་དང་དཔྱད་གཞིར་འཛིན་རྒྱུར་ཤུགས་སྣོན་པ། འདྲ་མཉམ་དང་། ཕན་ཚུན་དཔྱད་གཞིར་འཛིན་པ། གྲོས་མོལ་བྱེད་པ། ཁོང་ཡངས་བཅས་ཀྱི་དཔལ་ཡོན་ལྟ་བ་དར་སྤེལ་བཏང་སྟེ། དཔལ་ཡོན་མི་འདྲ་བ་ཞི་མཐུན་མཉམ་གནས་དང་ཕན་ཚུན་གྲུབ་འབྲས་ཐོབ་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ནས་རྒྱལ་ཁབ་ཁག་གི་མི་དམངས་ཕན་ཚུན་མཛའ་མཐུན་འགྲོ་འོང་དང་འཆམ་མཐུན་ཡོང་རྒྱུར་སྐུལ་འདེད་གཏོང་རྒྱུའི་རེ་བ་ཡོད་ཅེས་གསུངས།
“ལེང་ཀྲུའུ་གླེང་སྟེགས”སྐབས་དང་པོའི་བརྗོད་དོན་གཙོ་བོ་ནི“འཛམ་གླིང་ཧྲིལ་པོའི་དཔལ་ཡོན་གྲོས་འགོ་ལག་ལེན་དུ་བསྟར་ནས་དཔལ་ཡོན་སྤེལ་རེས་ལ་སྐུལ་འདེད་དང་ཕན་ཚུན་དཔྱད་གཞིར་འཛིན་རྒྱུར་སྐུལ་འདེད་གཏོང་དགོས”ཞེས་པ་དེ་ཡིན་པ་དང་། རིག་གནས་དང་ཡུལ་སྐོར་པུའུ་དང་ཀྲེ་ཅང་ཞིང་ཆེན་མི་དམངས་སྲིད་གཞུང་གིས་མཉམ་དུ་གཙོ་གཉེར་བྱས་པ་དང་གླེང་སྟེགས་ཉིན་དེར་ཀྲེ་ཅང་ཞིང་ཆེན་ཧང་ཀྲོའུ་གྲོང་ཁྱེར་དུ་བསྡུས།