ཁྲིན་ཀང་གིས་མགོ་ལོག་ཁུལ་རྨ་ཆེན་རྫོང་དུ་རྟོག་ཞིབ་བྱས།
2023.12.04 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 21

ཟླ12ཚེས1ཉིན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཁྲིན་ཀང་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་ཆེན་རྫོང་དུ་སོང་ནས་རྟོག་ཞིབ་བྱས་པ་དང་མེ་གསོད་བདེ་འཇགས་བྱ་བར་ལྟ་རྟོག་ཁྲིད་སྟོན་བྱས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཚོ་སྔོན་བྱ་བའི་ཐད་ཀྱི་གསུང་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་གཏིང་ཟབ་ཏུ་ལག་ལེན་དངོས་འབེབས་བྱེད་པ་དང་། གནོད་འགོག་གནོད་སེལ་དང་འཕྲལ་སྒྲུབ་རྒུད་སྐྱོབ་བྱ་བར་མཐོང་ཆེན་བྱས་ནས། ལས་གཞི་གཙོ་བོའི་འཛུགས་སྐྲུན་གྱི་མྱུར་ཚད་ཇེ་མགྱོགས་སུ་གཏོང་བ་དང་། བབ་བསྟུན་གྱིས་དག་གཙང་ནུས་ཁུངས་ཐོན་ཁུངས་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས། བདེ་འཇགས་ཐོན་སྐྱེད་ཀྱི་གནས་བབ་བསྟུད་མར་གཏན་འཇགས་ཇེ་བཟང་དུ་འགྲོ་བར་ཁག་ཐེག་བྱེད་དགོས་པ་ནན་གྱིས་བསྟན།

ཁྲིན་ཀང་ར་རྒྱ་གྲོང་རྡལ་གྱི་སྡེ་ཁོག་ནགས་རར་སོང་ནས་སྐྱེ་ཁམས་དོ་སྲུང་པར་སྐོར་བརྒྱབ་པ་དང་། ཁོ་ཚོས་དུས་ཡུན་རིང་བོར་ནགས་ཚལ་ཐོན་ཁུངས་སྲུང་སྐྱོབ་བྱེད་པའི་ལས་ཡུལ་དང་པོ་བརྟན་སྲུང་བྱས་པར་བཀའ་དྲིན་ཞུས། ནགས་ལས་ཐོན་ཁུངས་ཀྱི་ཁྱབ་ཚད་དང་ནགས་ཚལ་དང་རྩྭ་སའི་མེ་འགོག་བྱ་བ་སྤེལ་བའི་གནས་ཚུལ་ལ་རྒྱུས་ལོན་ཞིབ་མོ་བྱས་རྗེས་ཁོས་བསྟན་དོན། དགུན་ཁ་ནི་ནགས་ཚལ་ལ་མེ་སྐྱོན་འབྱུང་སླ་ཞིང་མེ་སྐྱོན་མང་དུ་འབྱུང་བའི་དུས་ཚིགས་ཤིག་ཡིན་པས། རིམ་པ་བཞིན་དུ་བདེ་འཇགས་མེ་འགོག་གི་འགན་འཁྲི་དངོས་འབེབས་བྱེད་པ་དང་། ལྷོད་ཡངས་དང་སྣང་མེད་དུ་བསྐྱུར་བའི་བསམ་པ་མཐའ་གཅིག་ཏུ་གཏན་འགོག་བྱས་ཏེ། ཉིན་རྒྱུན་གྱི་སྐོར་ཞིབ་སྲུང་སྐྱོབ་བྱ་བ་བཟང་བོར་བཟང་བོར་བསྒྲུབ་པ་དང་། དྲིལ་སྒྲོག་སློབ་གསོ་ཇེ་དྲག་ཏུ་བཏང་ནས། དུས་ཐོག་ཏུ་ཉེན་ཁ་རྩད་ཆོད་ནས་ཉེན་ཁ་སེལ་བར་འགན་སྲུང་བྱེད་དགོས། གྲོང་ཁྱེར་དང་རོང་འབྲོག་ས་ཁུལ་གྱི་ཁྱད་ཆོས་ལ་དམིགས་ནས་མེ་འགོག་བྱེད་ཐབས་ལེགས་བསྒྱུར་དང་། སྨན་ཁང་དང་སློབ་གྲྭ། ཚོང་ར་སོགས་མི་མང་བོ་འདུས་ས་དང་ནང་ཁང་གི་མེ་གསོད་བདེ་འཇགས་ཀྱི་ཉེན་ཁ་རྩད་གཅོད་བྱེད་པར་ཤུགས་སྣོན་བྱས་ནས། ཁང་བའི་ནང་དུ་མེ་བུས་པ་དང་གློག་སྐུད་རྙིང་འགྱུར། ཚུལ་མིན་གྱི་བྱ་སྤྱོད་སོགས་ལས་མེ་སྐྱོན་འབྱུང་བར་སྔོན་འགོག་བྱས་ཏེ་བདེ་འཇགས་འགོག་སྲུང་དྲ་བ་ཞིབ་ཚགས་ཡོང་བར་བྱེད་དགོས། ཡོམ་འགོག་གནོད་སེལ་གྱི་འདུ་ཤེས་དང་འཕྲལ་སྒྲུབ་རྒུད་སྐྱོབ་ཀྱི་ནུས་པ་མཐོར་འདེགས་བྱས་ཤིང་། ནན་ཏན་གྱིས་རྒུད་སྐྱོབ་དངོས་རྫས་གསོག་འཇོག་བྱས་པའི་གནས་ཚུལ་ལ་ཞིབ་བཤེར་དང་རྒྱུས་ལོན་བྱས་ཏེ། ལུགས་མཐུན་གྱིས་འཕྲལ་སྒྲུབ་ཐོན་ཁུངས་བཀོད་སྒྲིག་བྱེད་པ་དང་། ཟོལ་མེད་ཀྱིས་དུས་རྒྱུན་གྱི་བྱ་བ་བཟང་བོར་བསྒྲུབས་ནས་རང་བྱུང་གནོད་འཚེ་དང་ཉེན་ཁ་ཚབས་ཆེན་འབྱུང་བར་དོགས་ཟོན་བྱས་ནས། ཤུགས་ཆེན་པོས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས། སྤྱི་ཚོགས་ཆེ་ཕྱོགས་ཀྱི་གཏན་འཇགས་བཅས་ལ་འགན་སྲུང་བྱེད་དགོས་ཟེར།

རྨ་ཆེན་རྫོང་ར་རྒྱ་གྲོང་རྡལ་གྱི་དམར་ལྡང་ཆུ་ལོག་ས་ཚིགས་ནི་རྒྱལ་ཁབ་ནུས་ཁུངས་སྡེ་ཚོགས་ཀྱིས་མཚོ་སྔོན་ནས་འཛུགས་སྐྲུན་བྱས་པའི་སྟོང་ཝ་ཁྲི་སྟོང་ཅན་གྱི་ཆུ་དང་རླུང་། ཉི་འོད་བཅས་ཀྱིས་གློག་གསོག་པའི་བྱེད་ནུས་མང་བའི་དག་གཙང་ནུས་ཁུངས་ཀྱི་དཔེ་སྟོན་རྟེན་གཞིའི་དཀྱིལ་སྙིང་བཟོ་སྐྲུན་ཞིག་ཡིན། ཁྲིན་ཀང་གིས་ཡུལ་དངོས་ནས་བཟོ་སྐྲུན་གྱི་འཛུགས་སྐྲུན་གནས་ཚུལ་ལྟ་ཞིབ་བྱས་པ་དང་། བཟོ་སྐྲུན་ལག་བསྟར་བྱེད་པའི་ཆ་རྐྱེན་དང་བདེ་འཇགས་ཐོན་སྐྱེད། ཁོར་ཡུག་ཤུགས་རྐྱེན་སོགས་ཀྱི་གནས་ཚུལ་ཞིབ་ཏུ་དྲིས། ཁོས་དངོས་པོའི་ངོ་བོ་དང་འཕེལ་རྒྱས་ཁ་ཕྱོགས་དམ་འཛིན་བྱས་ཤིང་། དག་གཙང་ནུས་ཁུངས་ཀྱི་གསར་སྤེལ་ཤུགས་ཚད་ཇེ་ཆེར་གཏོང་བ་དང་། ཆུ་གསོག་ནུས་གསོག་དང་རྣམ་པ་གསར་བའི་ནུས་གསོག་སོགས་ལས་གཞིའི་གསར་སྤེལ་འཛུགས་སྐྲུན་ལ་སྐུལ་འདེད་བཏང་ནས། ཐོན་ཁུངས་ཁྱད་སྟོབས་དེ་དཔལ་འབྱོར་ཁྱད་སྟོབས་སུ་བསྒྱུར་བར་སྐུལ་འདེད་གཏོང་དགོས། ཁུངས་དྲ་ཁུར་གསོག་གཞི་གཅིག་ཅན་གྱི་འཕེལ་རྒྱས་ལ་གཅིག་འདོམ་སྐུལ་འདེད་གཏོང་བ་དང་། ཤུགས་ཆེན་པོས་ཁུར་དང་གསོག་གི་ཞན་ཆ་ཁ་གསབ་བྱས་ཏེ། ལས་གཞི་དང་འཆར་འགོད། རྟེན་གཞི། སྲིད་ཇུས། ཁེ་ལས་བཅས་གནས་ལྔ་གཞི་གཅིག་ཅན་གྱི་དངོས་འབེབས་རྒྱུ་ལམ་བཀག་མེད་ཡོང་བར་བྱེད་པ་དང་། ཚུལ་མཐུན་གྱི་བྱ་སྤྱོད་སྤེལ་བ། ཁེ་ལས་གཙོ་བོས་དཀའ་གནད་ཁུར་དུ་ལེན་པར་སྐུལ་མ་བཏང་ནས། ཐོན་ཁུངས་སྡེབ་སྒྲིག་དོ་མཉམ་མིན་པའི་གནད་དོན་ཐག་གཅོད་བྱེད་དགོས། ཕྱོགས་ཡོངས་ནས་རྨ་ཆུའི་སྐྱེ་ཁམས་ཀྱི་ཉེན་བརྡའི་སློབ་གསོའི་གློག་བརྙན་གྱི་ཕྱིར་ལྡོག་གནད་དོན་ལེགས་བཅོས་བྱས་པའི་བྱ་བ་དམ་འཛིན་བྱེད་པ་དང་། ཆུའི་སྐྱེ་ཁམས་སྲུང་སྐྱོབ་དང་སླར་གསོ་བྱ་བར་མཐོང་ཆེན་བྱེད་པ། ནན་ཏན་གྱིས་བཟོ་སྐྲུན་འཛུགས་སྐྲུན་གྱི་སྐྱེ་ཁམས་ཁོར་ཡུག་ཐད་ཀྱི་ཤུགས་རྐྱེན་ལ་ཞིབ་འཇུག་བྱེད་པ། བཞུར་བརྒྱུད་ཀྱི་སྐྱེ་ཁམས་ཁོར་ཡུག་གི་དོ་དམ་མ་ལག་འཐུས་ཚང་དུ་བཏང་ནས། བཞུར་བརྒྱུད་ཀྱི་སྦགས་བཙོག་འགོག་བཅོས་དང་མ་ལག་བཅོས་སྐྱོང་ལ་ཤུགས་སྣོན་བྱེད་དགོས་ཟེར།

ཉིན་དེར་ཁྲིན་ཀང་གིས་དམར་ལྡང་ཆུ་གློག་ས་ཚིགས་ཀྱི་འཛུགས་སྐྲུན་ལ་འབྲེལ་བ་ཡོད་པའི་ཁྱིམ་ཚང་ང་དྲུག་གནས་སྤོར་བཀོད་སྒྲིག་གནད་དོན་ཐད་ནས་འཕྲིན་བཅར་དང་ལེན་བྱས་ཏེ། ཁེ་ལས་ཀྱིས་རང་འགུལ་སྒོས་འགན་འཁྲི་ཁུར་དུ་ལེན་པ་དང་སྲིད་གཞུང་གིས་ཧུར་ཐག་སྒོས་བྱ་སྤྱོད་སྤེལ་བ། ལྷག་བསམ་རྣམ་དག་གིས་གནས་སྤོར་མང་ཚོགས་ཀྱི་བྲེལ་དཀའ་ཁྲེལ་སྒུག་གི་གནད་དོན་ཐག་གཅོད་བཟང་བོ་བྱས་ནས། ངེས་པ་དོན་གྱིས་མང་ཚོགས་བདེ་སྡོད་ལས་བརྩོན་གྱིས་ཕྱུག་འགྱུར་བྱེད་དུ་འཇུག་དགོས་པ་ནན་གྱིས་བསྟན།

ཀྲུའུ་ཞང་ཧྥུན་གྱིས་མཉམ་དུ་རྟོག་ཞིབ་བྱས།


བསོད་ནམས་ཚེ་རིང་གིས་བསྒྱུར།