ཞི་ཅིན་ཕིང་གིས2023ལོའི་ཚུང་ཏུའུ་རྒྱལ་སྤྱིའི་གླེང་སྟེགས་ལ་རྟེན་འབྲེལ་འཕྲིན་ཡིག་བསྐུར།
2023.12.05 ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས། 25

ཟླ12པའི་ཚེས4ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས2023ལོའི་ཚུང་ཏུའུ་རྒྱལ་སྤྱིའི་གླེང་སྟེགས་ལ་རྟེན་འབྲེལ་འཕྲིན་ཡིག་བསྐུར།

ཞི་ཅིན་ཕིང་གིས་བསྟན་དོན། ཚུང་ཏུའུ་རྒྱལ་སྤྱིའི་གླེང་སྟེགས་སྒྲུབ་འགོ་བརྩམས་པ་ནས་བཟུང་། འཛམ་གླིང་ཡོངས་ཀྱི་ཤེས་ལྡན་མི་སྣ་གཅིག་ཏུ་བསྡུས་ནས་འཛམ་གླིང་གི་ཞི་བདེ་བརྟན་འཇགས་དང་དཔལ་འབྱོར་གྱི་རྒྱུན་མཐུད་འཕེལ་རྒྱས། རིག་གནས་བརྗེ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་པ་བཅས་ལ་ཤུགས་རྐྱེན་ཐེབས་པའི་གནད་དོན་མང་པོར་དཔྱད་གླེང་གཏིང་ཟབ་བྱས་ཏེ། རྒྱལ་སྤྱིའི་མཉམ་ལས་ལ་སྐུལ་འདེད་གཏོང་བ་དང་། དམངས་སེམས་མཉམ་འདྲེས་ལ་སྐུལ་འདེད་གཏོང་བའི་ཐད་དགེ་མཚན་ལྡན་པའི་ནུས་པ་གང་ལེགས་འདོན་སྤེལ་བྱས།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། སྔར་བྱུང་མ་མྱོང་བའི་འཛམ་གླིང་གི་འགྱུར་ལྡོག་དང་དུས་རབས་ཀྱི་འགྱུར་ལྡོག ལོ་རྒྱུས་ཀྱི་འགྱུར་ལྡོག་བཅས་ལ་གདོང་གཏོད་སྐབས། མིའི་རིགས་དང་སྤྱི་ཚོགས་ཡོངས་ཀྱིས་ངེས་པར་དུ་མཐུན་སྒྲིལ་བྱེད་པ་དང་། ཕན་ཚུན་ལ་སློབ་སྦྱོང་དང་ཕན་ཚུན་དཔྱད་གཞིར་འཛིན་པ། སྒོ་འབྱེད་དཀྱེལ་ཡངས། མཉམ་ལས་གཉིས་ཕན། མིའི་རིགས་ཡོངས་ཀྱི་ཐུན་མོང་གི་རིན་ཐང་དར་སྤེལ་བྱེད་པ། མཉམ་དུ་མཛེས་སྡུག་ལྡན་པའི་འཛམ་གླིང་འཛུགས་སྐྲུན་བྱེད་རྒྱུ་བཅས་རྒྱུན་འཁྱོངས་བྱེད་དགོས། རྒྱ་ཆེའི་སྐུ་མགྲོན་ཚོས་བློ་བསྡུས་དགེ་ཚོགས་བྱས་ཏེ་ཕྱོགས་མང་རིང་ལུགས་ངོ་མ་ལག་བསྟར་བྱེད་པའི་ཐད་རྒྱབ་སྐྱོར་བྱེད་པ་དང་། མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་ཆེད་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུའི་རེ་བ་ཡོད།

2023ལོའི་ཚུང་ཏུའུ་རྒྱལ་སྤྱིའི་གླེང་སྟེགས་དེ་ཚེས་བཞི་ཉིན་ཀོང་ཏུང་ཞིང་ཆེན་ཀོང་ཀྲིག་གྲོང་ཁྱེར་དུ་ཚོགས་འགོ་བརྩམས་པ་དང་། བརྗོད་སྙིང་གཙོ་བོ་ནི་ཕྱོགས་མང་རིང་ལུགས་ཏེ། བརྗེ་རེས་སྔར་ལས་མང་བ་དང་དཀྱེལ་ཡང་སྔར་ལས་མང་བ། མཉམ་ལས་སྔར་ལས་མང་བ་ཞེས་པ་དེ་ཡིན་ཞིང་། ཀྲུང་གོ་མི་དམངས་ཕྱི་ཕྱོགས་མཛའ་འབྲེལ་མཐུན་ཚོགས་དང་། ཨོ་སི་ཁྲུ་ལི་ཡ་དང་ཀྲུང་གོའི་མཛའ་མཐུན་བརྗེ་རེས་མཐུན་ཚོགས། ཀོང་ཏུང་ཞིང་ཆེན་མི་དམངས་སྲིད་གཞུང་དང་འཛམ་གླིང་གཙོ་འཛིན་མནའ་འབྲེལ་བཅས་ཀྱིས་མཉམ་དུ་གཙོ་སྒྲུབ་བྱས་པ་རེད། 

ཤ་བོ་གསེར་མཚོས་བསྒྱུར།