ཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་ཐད་ཀྱི་དཔེ་མཚོན་གྱོད་གཞི་དང་གནད་དོན་དག་ཐེར་ལེགས་བཅོས་བྱེད་པའི་བྱ་བའི་ཆེད་དོན་གྲོས་ཚོགས་ཟི་ལིང་དུ་བསྡུས།
2023.12.05 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 23

ཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་ཐད་ཀྱི་དཔེ་མཚོན་གྱོད་གཞི་དང་གནད་དོན་དག་ཐེར་ལེགས་བཅོས་བྱེད་པའི་བྱ་བའི་ཆེད་དོན་གྲོས་ཚོགས་ཟླ་བཅུ་གཉིས་པའི་ཚེས་གསུམ་ཉིན་ཟི་ལིང་དུ་བསྡུས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཁྲིན་ཀང་གིས་བྱ་བའི་རེ་བ་བཏོན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཝུའུ་ཞའོ་ཅུན་གྲོས་ཚོགས་ལ་ཞུགས་པར་མ་ཟད་བྱ་བ་བཀོད་སྒྲིག་བྱས།

ཁྲིན་ཀང་གིས་བསྟན་དོན། ཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་ནི་ཞིང་ཆེན་གོང་འོག་ཡོངས་ཀྱིས་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པ་ལག་བསྟར་བྱེད་པར་ཡང་བསྐྱར་དམིགས་གཏད་བྱེད་པ་དང་། རིམ་པ་སོ་སོ་དང་སྡེ་ཁག་སོ་སོས་སྐྱེ་ཁམས་གཙོར་འཛིན་པ་དང་གྲོན་ཆུང་ལེགས་བསྡུས་བྱེད་པ། ལྗང་མདོག་ཐཱན་དམའ་འཕེལ་རྒྱས་སུ་གཏོང་བའི་རེ་བ་དོན་འཁྱོལ་བྱེད་པར་ཡང་བསྐྱར་སློབ་གསོ་གཏོང་བ་དེ་ཡིན། ཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་ཀྱིས་ཁྱབ་བསྒྲགས་བྱས་པའི་དཔེ་མཚོན་གྱོད་གཞི་ནི་མིག་མཐོང་སེམས་ཞེད་དང་དོ་སྣང་བྱེད་འོས་པ་ཞིག་ཡིན་ལ། དེ་ལས་ང་ཚོའི་བྱ་བའི་ཁྲོད་ད་དུང་ཞན་ཆ་དང་མི་འདང་ས་མང་པོ་ཡོད་པ་མཐོང་ཐུབ།

ཁྲིན་ཀང་གིས་ནན་གྱིས་བསྟན་དོན། ཞིང་ཆེན་གོང་འོག་ཡོངས་ཀྱིས་དཔེ་མཚོན་གྱོད་གཞིའི་ཁྲོད་བསླབ་བྱ་བསྡུ་ལེན་བྱེད་པ་དང་། འབྲེལ་ཡོད་ས་ཁུལ་དང་སྡེ་ཁག་གིས་ཧ་ཅང་མཐོང་ཆེན་བྱས་ནས། གནད་དོན་དག་ཐེར་ལེགས་བཅོས་བྱེད་རྒྱུ་དེ་ཆབ་སྲིད་ཀྱི་ལངས་གནས་མཐོ་མིན་དང་ཆབ་སྲིད་ཀྱི་འགན་འཁྲི་བརྟན་མིན་ལ་བལྟ་བའི་མངོན་སུམ་གྱི་ཞིབ་དཔྱད་དུ་བརྩི་བ་དང་། ཏང་སྲིད་འགན་ཁུར་བློ་མཐུན་གཙོ་བོས་འགན་འཁྲི་ཕྲག་ཏུ་བླངས་ཏེ། མྱུར་དུ་འགུལ་སྐྱོད་བྱེད་པ་དང་། དམ་འཛིན་ལྷོད་མེད་བྱེད་པ། སྟོབས་ཤུགས་ཡོད་རྒུས་གནད་དོན་དག་ཐེར་ལེགས་བཅོས་བྱས་ནས། ཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་ཚན་ཆུང་གིས་བཏོན་པའི་བྱ་བ་སྣ་ཚོགས་ཀྱི་རེ་བ་ལག་བསྟར་ནན་མོ་བྱེད་དགོས། གཟབ་ནན་གོ་ཆོད་ཀྱི་ལམ་ལུགས་རྐྱེན་སྲོལ་བཙུགས་ནས། ཚྭ་མཚོའི་ཐོན་ཁུངས་གསར་སྤེལ་ཁྲོད་ཀྱི་ཆུའི་ཐོན་ཁུངས་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་ལྟ་སྐུལ་ལྟ་རྟོག་ལ་ཤུགས་སྣོན་པ། ཆོག་མཆན་འཛིན་ཡིག་མེད་པར་སྔོག་འདོན་བྱེད་པ་དང་གཞི་ཁྱོན་ལས་བརྒལ་ནས་སྔོག་འདོན་བྱེད་པ། སྒྲིག་ལམ་དང་འགལ་བར་ཆུ་ལེན་ཆུ་བཀོལ་བྱེད་པ། ཁྲིམས་དང་འགལ་ནས་ས་ཞིང་འཛིན་པ་སོགས་ཀྱི་གནད་དོན་ལ་རྡུང་རྡེག་ནན་མོ་བྱེད་དགོས། གནད་དོན་ལ་ཕྱོགས་ཡོངས་ནས་ཞིབ་བཤེར་གསལ་བོ་བྱེད་ན། དོན་འབྲེལ་ཁེ་ལས་ཀྱི་ཁྲིམས་འགལ་ཉེས་བཟོས་བྱ་སྤྱོད་ལ་རྩད་གཅོད་ནན་མོ་བྱེད་པ་མ་ཟད། དེ་དང་འབྲེལ་བའི་འགན་སྒྲུབ་གནད་དོན་དང་སྤྱོད་ཚུལ་གནད་དོན། རུལ་སུངས་གནད་དོན་ལ་སྒྲིག་ཁྲིམས་ལྟར་འགན་འཁྲི་རྩད་གཅོད་ནན་མོ་བྱེད་དགོས། གཅིག་ཤེས་ཀུན་གྲོལ་བྱེད་པ་རྒྱུན་འཁྱོངས་བྱེད་པ་དང་། རང་འགུལ་གྱིས་ཁག་ཁུར་བྱེད་པ། ཁྲག་མི་དཀྲི་བ་དང་མི་གཡོལ་བ། མཚང་འགེབས་མི་བྱེད་པ། མི་སྐྲག་པ་བྱེད་པར་ལས་དོན་ལ་འགན་ཁུར་བའི་རྣམ་པས་ཉམས་སད་དང་ལེན་བྱེད་པ་དང་། ཤུགས་དང་ལྡན་པའི་བྱེད་ཐབས་ལ་བརྟེན་ནས་རིགས་འདྲའི་སྐྱེ་ཁམས་ཁོར་ཡུག་ཐད་ཀྱི་འབུར་ཐོན་གནད་དོན་ཐག་གཅོད་པ། རྒྱལ་ཁབ་སྤྱི་གླིང་གཙོ་གཞི་རུ་བྱས་པའི་རང་བྱུང་སྲུང་སྐྱོབ་མ་ལག་འཛུགས་པ་དང་རི་ཆུ་ནགས་ཞིང་དང་མཚེའུ། རྩྭ་ས། བྱེ་དར་བཅས་གཞི་གཅིག་ཅན་གྱི་སྲུང་སྐྱོབ་དང་མ་ལག་བཅོས་སྐྱོང་ལ་གཅིག་འདོམས་བྱེད་པ་སོགས་ཕྱོགས་ནས་རྒྱུན་མཐུད་ངང་ཤུགས་བཏོན་ནས། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་འཛུགས་སྐྲུན་བྱེད་པའི་ཐད་ནས་གྲུབ་འབྲས་གསར་བ་ལེན་པར་སྐུལ་འདེད་གཏོང་དགོས།

ཝུའུ་ཞའོ་ཅུན་གྱིས་བསྟན་དོན། ས་ཆ་སོ་སོ་དང་སྡེ་ཁག་སོ་སོས་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པ་དང་། ཆབ་སྲིད་སྟེང་ནས་བལྟ་བ་དང་ཆབ་སྲིད་སྟེང་ནས་བསྒྲུབ་པ། ཆབ་སྲིད་སྟེང་ནས་ལེགས་བཅོས་བྱེད་པ། གནད་ཕིགས་དང་ཚན་རིག་དང་མཐུན་པ་དང་ཁྲིམས་གཞིར་འཛིན་པ་རྒྱུན་འཁྱོངས་བྱེད་པ། རྣམ་འགྱུར་སྔར་ལས་བརྟན་པོ་དང་འགུལ་སྐྱོད་སྔར་ལས་མགྱོགས་པོ། བྱེད་ཐབས་སྔར་ལས་ཤུགས་ལྡན་ལ་བརྟེན་ནས། ཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་ཐད་ཀྱི་དཔེ་མཚོན་གྱོད་གཞི་དང་གནད་དོན་མཐའ་གཅིག་ཏུ་དག་ཐེར་ལེགས་བཅོས་བྱས་ཏེ། དག་ཐེར་གྱི་གྲུབ་འབྲས་ཐད་ནས་མི་དམངས་དང་ལག་ལེན། ལོ་རྒྱུས་ཀྱི་ཞིབ་དཔྱད་ཐེག་ཐུབ་པར་ཁག་ཐེག་བྱེད་དགོས།

ཝུའུ་ཞའོ་ཅུན་གྱིས་ནན་གྱིས་བསྟན་དོན། དཔེ་མཚོན་གྱོད་གཞི་གཙིགས་སུ་འཛིན་པ་དང་། གནད་འགག་དམ་འཛིན་བྱེད་པ། གནད་འགག་ལ་དབྱེ་ཞིབ་དང་ཞིབ་འཇུག་བྱེད་པ། ཚན་རིག་དང་མཐུན་པའི་སྒོ་ནས་དག་ཐེར་ལེགས་བཅོས་བྱེད་ཐབས་གཏན་འབེབས་བྱེད་པ། གནད་དོན་གཅིག་ལ་བྱེད་ཐབས་དང་ཁེ་ལས་གཅིག་ལ་སྲིད་ཇུས་གཅིག་ལག་བསྟར་བྱས་ཏེ། མྱུར་དུ་དག་ཐེར་ལེགས་བཅོས་བྱེད་པའི་གྲུབ་འབྲས་གྲུབ་པར་བྱེད་དགོས། ཏང་སྲིད་འགན་གཅིག་དང་ལས་གཅིག་འགན་གཉིས་ལག་བསྟར་ནན་མོ་བྱེད་པ་དང་། ཁོངས་གཏོགས་ས་ཆ་དང་སྡེ་ཁག ཁེ་ལས་ཀྱི་འགན་འཁྲི་གཏན་ཁེལ་གསལ་བོ་བྱས་ནས། འགན་འཁྲི་མིའི་སྟེང་དངོས་འབེབས་བྱེད་པ་དང་ལས་འགན་ལས་རྐང་སྟེང་འབབ་བར་བྱེད་པ། གནོན་ཤུགས་རྒྱུད་སྒྲོག་བྱེད་པར་ཁག་ཐེག་བྱེད་དགོས། ལྟ་ཞིབ་བྱེད་ཞོར་དུ་དག་ཐེར་ལེགས་བཅོས་བྱེད་པ་དམ་འཛིན་བྱེད་པ་ད་ང། ཀྲུང་དབྱང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་ཐད་ཀྱི་མང་ཚོགས་ཀྱི་འཕྲིན་བཅར་ཞུ་གཏུག་གྱོད་དོན་རང་འགུལ་གྱིས་དང་ལེན་ངོས་འཛིན་བྱེད་པ་དང་ཚང་མ་དང་ལེན་བྱེད་པ། ཆ་རྐྱེན་མི་གླེང་བ་དང་རྒྱུ་རྐྱེན་མི་བཤད་པ། མྱུར་དུ་བསྒྲུབ་པ་དང་ཞིབ་བཤེར་ཟབ་མོ་དང་དག་ཐེར་ལེགས་བཅོས་ནན་མོ་བྱས་ཏེ། ཚན་རིག་དང་མཐུན་པའི་སྒོ་ནས་དག་ཐེར་ལེགས་བཅོས་བྱེད་པ་དང་ཁྲིམས་ལྟར་དག་ཐེར་ལེགས་བཅོས་བྱེད་པ། ཕྱོགས་ཡོངས་ནས་དག་ཐེར་ལེགས་བཅོས་བྱེད་པ། མཐའ་གཅིག་ཏུ་དག་ཐེར་ལེགས་བཅོས་བྱེད་ཐུབ་པར་བྱེད་དགོས། རྩ་ལག་མཉམ་བཅོས་འབུར་དུ་ཐོན་པར་བྱེད་པ་དང་། དག་ཐེར་ལེགས་བཅོས་ཀྱི་བྱ་བ་དང་སྒྲིག་སྲོལ་དང་ལམ་ལུགས་འཛུགས་པ་གཉིས་མཉམ་དུ་སྤེལ་བ། གནད་དོན་གཅིག་ཐག་གཅོད་པ་དང་ཁྱབ་ཁོངས་གཅིག་ཚད་ལྡན་དུ་བསྒྱུར་བ། ལམ་ལུགས་གཅིག་འཐུས་ཚང་དུ་གཏོང་བ་བརྒྱུད་དེ། སྐྱེ་ཁམས་ཁོར་ཡུག་བཅོས་སྐྱོང་གི་དེང་རབས་ཅན་གྱི་ཆུ་ཚད་ཕྱོགས་ཡོངས་ནས་མཐོར་འདེགས་གཏོང་དགོས། བསླབ་བྱ་བསྡུ་ལེན་བྱེད་པ་དང་། འགན་འཁྲི་རྩད་གཅོད་ནན་མོ་དང་གནད་ལ་འཁེལ་བ། ཕན་དང་ལྡན་པར་བྱས་ནས། ཉེན་བརྡའི་སློབ་གསོ་ལ་ཤུགས་སྣོན་དགོས། ཡར་ཞུ་བརྗེ་རེས་ལ་ཤུགས་སྣོན་པ་དང་། ཞབས་ཞུའི་འགན་སྲུང་བཟང་བོར་བསྒྲུབ་པ། སྲིད་ཇུས་དྲིལ་སྒྲོག་ཤུགས་ཆེར་བྱེད་པ། སྤྱི་ཚོགས་ཀྱིས་སེམས་ཁུར་བྱེད་པའི་གནད་དོན་ལ་ཕྱིར་ལན་བཏབ་སྟེ། ཀྲུང་དབྱང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་དེ་ཤུགས་དང་གོ་རིམ་ལྡན་པ་དང་ཕན་འབྲས་ལྡན་པའི་སྒོ་ནས་སྤེལ་བར་ཁག་ཐེག་བྱེད་དགོས།

ཚོགས་ཐོག་ནས་ཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་ཀྱི་དཔེ་མཚོན་གྱོད་གཞིའི་འབྲེལ་ཡོད་གནས་ཚུལ་དང་མང་ཚོགས་ཀྱི་འཕྲིན་བཅར་ཞུ་གཏུག་གྱོད་དོན་སྤྲོད་བསྒྲུབ་གནས་ཚུལ་ཁྱབ་བསྒྲགས་བྱས། འབྲེལ་ཡོད་གྲོང་ཁྱེར་དང་ཁུལ་གྱི་སྲིད་གཞུང་དང་སྡེ་ཁག་གིས་གཏམ་བཤད།

ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། རྒྱུན་ལས་ཧྲིན་ཀྲང་གཞོན་པ་ཝང་ལེན་ཧུའུ་ཡིས་གྲོས་ཚོགས་ལ་མགོ་འཛིན་བྱས། ཧྲིན་ཀྲང་གཞོན་པ་ལིའུ་ཁྲོ་གྲོས་ཚོགས་ལ་ཞུགས།

རིན་ཆེན་མཚོས་བསྒྱུར།