ཝང་ཝུའེ་ཏུང་ཧོང་ཀྲུང་ས་ཁུལ་དུ་སོང་ནས་དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་བསྐྱེད་གཏོང་བའི་བྱ་བར་རྟོག་ཞིབ་དང་ལྟ་སྐུལ་མཛུབ་སྟོན་བྱས།
2023.12.05 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 25

ཟླ12ཚེས4ཉིན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཟི་ལིང་གྲོང་ཁྱེར་གྱི་ཏང་ཨུའི་ཧྲུའུ་ཅི་ཝང་ཝུའེ་ཏུང་ཧོང་ཀྲུང་ས་ཁུལ་དུ་སོང་ནས་དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་བསྐྱེད་གཏོང་བ་དེ་གྲོང་གསེབ་དར་རྒྱས་དང་སྦྲེལ་མཐུད་ནུས་ལྡན་ཡོང་བའི་ལས་དོན་ལ་རྟོག་ཞིབ་དང་ལྟ་སྐུལ་མཛུབ་སྟོན་བྱས། ཁོས་བསྟན་དོན། དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་བསྐྱེད་གཏོང་རྒྱུ་དེ་གྲོང་གསེབ་དར་རྒྱས་དང་ནུས་ལྡན་ངང་སྦྲེལ་མཐུད་བྱ་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ནན་ཏན་བྱེད་པ་དང་ཟུང་འབྲེལ་བྱས་ཏེ། ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་བཀོད་སྒྲིག་བླང་བྱ་ཁག་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་པ་དང་། འགན་འཁྲི་མཐའ་གཅིག་ཏུ་འཁུར་བ། ཆད་བཤེར་གསབ་སྤྲོད་ནན་ཏན་བཅས་བྱས་ནས་སྦྲེལ་མཐུད་ནུས་ལྡན་གྱི་ལས་དོན་མདུན་གྲལ་དུ་བསྐྱོད་རྒྱུར་འགན་ལེན་བྱེད་དགོས།  གྲོང་ཁྱེར་གྱི་འགོ་ཁྲིད་པ་ཝང་ཀང་དང་ཞའོ་ཞང་ཏུང་གཉིས་ཚོགས་འདུར་ཞུགས།

ཝང་ཝུའེ་ཏུང་སྔ་རྗེས་སུ་ལི་ཅ་ཧྲན་གྲོང་རྡལ་ལི་ཅ་ཧྲན་སྡེ་བའི་ལི་ཧྲེང་པེའོ་དང་ལི་ཧྲེང་ཚའེ་ཡི་ཁྱིམ་དུ་སོང་ནས་དབུལ་ཐར་ཁྱིམ་ཚང་གི་འགུལ་རྣམ་ལྟ་ཞིབ་ཚད་ལེན་ནང་འཇུག་དང་། སྡོད་ཁང་གི་བདེ་འཇགས་འགན་ལེན་དང་དེ་བཞིན་གནད་དོན་བཅོས་སྒྲིག་བྱས་པའི་གནས་ཚུལ་རྒྱུས་ལོན་ཞིབ་མོ་བྱས། ཁོས་བསྟན་དོན། མི་དམངས་ཀྱི་ཕྱོགས་སུ་བརྟན་པོར་ལངས་ནས་འགུལ་རྣམ་ལྟ་ཞིབ་ཚད་ལེན་དང་རོགས་སྐྱོར་ལམ་སྲོལ་གྱི་དམིགས་སའི་རང་བཞིན་ལ་ཤུགས་སྣོན་རྒྱག་པ་དང་། སྡེ་མིའི་ཐོན་སྐྱེད་དང་འཚོ་བའི་འགྱུར་ལྡོག་གལ་ཆེན་གྱི་གནས་ཚུལ་དུས་ཐོག་ཏུ་ཁོང་དུ་ཆུད་པ། རོགས་སྐྱོར་སྲིད་ཇུས་ཁག་དོན་འཁྱོལ་ཞིབ་ཚགས་བྱེད་པ། མང་ཚོགས་ཀྱི་དོན་དངོས་དཀའ་ངལ་སེལ་རྒྱུར་སེམས་ཤུགས་ཡོད་རྒུས་རོགས་རམ་བྱེད་པ་བཅས་བྱས་ཏེ། ཏན་ཏན་ཏིག་ཏིག་གི་རོགས་སྐྱོར་བྱ་ཐབས་ལ་བརྟེན་ནས་མང་ཚོགས་ཀྱི་ཁས་ལེན་དང་བློ་ཡིད་ཡོངས་སུ་ཚིམ་པར་བྱེད་དགོས་ཟེར།

ཧྲང་ཝུའུ་ཀྲོང་གྲོང་རྡལ་ན་པུའུ་ཙང་སྡེ་བ་ནས་ཝང་ཝུའེ་ཏུང་མཱ་ཀྲུང་ཁྲེང་གི་ཁྱིམ་དུ་སོང་ནས་དུས་ཐོག་ཏུ་དབུལ་ཐར་ཁྱིམ་ཚང་གི་འཚོ་བའི་ཐོན་སྐྱེད་གནས་ཚུལ་ཤེས་རྟོགས་བྱས་པར་མ་ཟད། ཆུས་དང་གྲོང་རྡལ་ཏང་ཨུ་ཡི་འགན་འཁུར་བ་དང་། སྡེ་བའི“ཨུ་ཡོན་ལྷན་ཁང་གཉིས”ཀྱི་ལས་བྱེད་པ། སྡེ་སྡོད་ཧྲུའུ་ཅི་དང་པོ་དང་སྡེ་སྡོད་ལས་དོན་རུ་མི་བཅས་དང་ཡུལ་དངོས་ནས་གནས་ཚུལ་བརྗེ་རེས་བྱས།  ཝང་ཝུའེ་ཏུང་གིས་ནན་གྱིས་བསྟན་དོན། འགན་འཁྲི་འཁུར་ཤུགས་ཆེ་རུ་གཏོང་བ་དང་རིམ་པ་ཁག་གི་ཏང་རྩ་འཛུགས་ཀྱི་འགན་འཁྲི་ཇེ་བརྟན་དུ་གཏོང་རྒྱུར་ཤུགས་སྣོན་བརྒྱབ་ནས“འགན་འཁྲིའི་ཐད་ནས་རིམ་པ་གཅིག་མཐོ་རུ་གཏོང་བ་དང་ལས་དོན་ཐད་ནས་རིམ་པ་གཅིག་གིས་ཇེ་དམའ་རུ་གཏོང་བའི་འགན་འཁྲི་འཁུར་རྒྱུ”མཐའ་འཁྱོངས་བྱས་ནས་ལས་དོན་ཁག་དོན་ཐོག་ཏུ་འཁྱོལ་རྒྱུར་སྐུལ་འདེད་གཏོང་དགོས་ཟེར།


ཞོགས་པའི་ཕྱོགས་བསྡུས་གསར་འགྱུར། སྒྲ་ལྡན་རྒྱལ་སྤྱིའི་གསར་འགྱུར། དུས་ཐོག་གསར་འགྱུར།