རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཧན་ཀྲིན་ཚེས4ཉིན་ཀོང་ཀྲིའུ་རུ2023ལོའི་ཚུང་ཏུའུ་རྒྱལ་སྤྱིའི་གླེང་སྟེགས་ཀྱི་འགོ་རྩོམ་མཛད་སྒོར་ཞུགས་ནས་ཤིས་ཚིག་ཕུལ། གླེང་སྟེགས་སྟེང་ཐོག་མར་ཀྲུའུ་ཞི་ཞི་ཅིན་ཕིང་གི་རྟེན་འབྲེལ་འཕྲིན་ཡིག་སྒྲོག་འདོན་བྱས།
ཧན་ཀྲིན་གྱིས་བསྟན་དོན། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཕྱོགས་མང་རིང་ལུགས་ཀྱི་དོན་སྙིང་རྒྱས་བཤད་གཏིང་ཟབ་བྱས་ཏེ་ང་ཚོས་ཕྱོགས་མང་རིང་ལུགས་ངོ་མ་སྲུང་སྐྱོང་དང་ལག་བསྟར་བྱེད་པའི་ཐད་ཁ་ཕྱོགས་གསལ་སྟོན་བྱས། མིག་སྔའི་གནས་བབ་འོག་ང་ཚོས་སྔོན་ཆད་ཀྱི་དུས་སྐབས་གང་ལས་ཀྱང་ཕྱོགས་མང་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་དང་གཞི་རྩའི་རྩ་དོན་རྒྱུན་འཁྱོངས་བྱེད་པ་དང་། མཉམ་གྲོས་མཉམ་སྐྲུན་མཉམ་སྤྱོད་བཅས་ཀྱི་གོ་ལ་ཧྲིལ་བོའི་བཅོས་སྐྱོང་ལྟ་བ་ལག་བསྟར་བྱེད་དགོས།
གཅིག་ནས་མཐུན་པ་ཡོང་ཐབས་དང་མི་མཐུན་པ་སོར་འཇོག་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག་ཞི་བདེ་མཉམ་གནས་བྱེད་པ་དང་། འདྲ་མཉམ་བརྗེ་རེས་ཀྱི་བརྒྱུད་རིམ་ཁྲོད་མཉམ་འདྲེས་འཕེལ་རྒྱས་སུ་གཏོང་བ། ཕན་ཚུན་དཔྱད་གཞིར་འཛིན་པའི་རྨང་གཞིའི་སྟེང་མཉམ་དུ་འཕེལ་རྒྱས་ཡོང་བར་བྱེད་དགོས། མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པའི་འདུ་ཤེས་ཀྱི་ཁྲིད་སྟོན་འོག གོ་ལ་ཧྲིལ་བོའི་འཕེལ་རྒྱས་གྲོས་འགོ་དང་གོ་ལ་ཧྲིལ་བོའི་བདེ་འཇགས་ཀྱི་གྲོས་འགོ གོ་ལ་ཧྲིལ་བོའི་དཔལ་ཡོན་གྱི་གྲོས་འགོ་བཅས་དོན་འཁྱོལ་ཡོང་བར་སྐུལ་འདེད་བཏང་ནས་སྤུས་ཚད་མཐོ་བའི་རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་བྱེད་དགོས།
གཉིས་ནས་གྲོས་མོལ་གྱི་ཐུན་མོང་ངོས་འཛིན་གྱི་རྨང་གཞིའི་སྟེང་གོ་ལ་ཧྲིལ་བོའི་བཅོས་སྐྱོང་སྔར་ལས་དྲང་གཞག་དང་ལུགས་མཐུན་གྱི་ཕྱོགས་སུ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བཏང་སྟེ། འཛམ་གླིང་ལ་སྔར་ལས་མང་པོའི་བརྟན་འཇགས་རང་བཞིན་དང་དྲང་ནུས་འདོན་སྤྲོད་བྱེད་དགོས། བཙན་དབང་རིང་ལུགས་དང་བཙན་དབང་ཆབ་སྲིད་ལ་ངོ་རྒོལ་དང་ཕྱོགས་མང་ལ་ཁ་གཡར་ནས་ཕྱོགས་རྐྱང་གི་བྱ་སྤྱོད་སྤེལ་བར་ངོ་རྒོལ་བྱེད་དགོས།
གསུམ་ནས་གོ་ལ་ཧྲིལ་བོ་ཅན་གྱི་ཡང་དག་པའི་ཁ་ཕྱོགས་རྒྱུན་འཁྱོངས་བྱས་ཏེ། སྲུང་སྐྱོང་རིང་ལུགས་ལ་ངོ་རྒོལ་བྱེད་པ་དང་འབྲེལ་ཐག་གཅོད་པར་ངོ་རྒོལ་བྱེད་པ། གཉིས་ཕན་མཉམ་ལས་རྒྱ་ཆེར་སྤེལ་ཏེ་འཛམ་གླིང་དཔལ་འབྱོར་སླར་གསོ་ཡོང་བར་སྔར་ལས་མང་པོའི་འགུལ་ནུས་འདོན་སྤྲོད་བྱེད་དགོས། གླེང་མོལ་དང་གྲོས་མོལ་རྒྱུན་འཁྱོངས་བྱས་ཏེ་ཆབ་སྲིད་ལ་བརྟེན་ནས་གནད་དོན་ཐག་གཅོད་བྱེད་པར་སྐུལ་འདེད་གཏོང་བ་དང་། མཉམ་དུ་ཉེན་ཁ་དང་འགྲན་སློང་ལ་ཁ་གཏད་འཇལ་དགོས།
ཧན་ཀྲིན་གྱིས་ནན་གྱིས་བསྟན་དོན། ཀྲུང་གོ་ནི་ཕྱོགས་མང་རིང་ལུགས་དར་སྤེལ་གཏོང་མཁན་ཡིན་ལ། ལག་བསྟར་བྱེད་མཁན་དེ་བས་ཀྱང་ཡིན་ཞིང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་རླབས་ཆེན་བྱ་གཞག་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བཞིན་ཡོད། ང་ཚོ་ཞི་བདེ་འཕེལ་རྒྱས་ཀྱི་བགྲོད་ལམ་དུ་བསྐྱོད་པ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་རྒྱུན་འཁྱོངས་བྱེད་པ། ཆུ་ཚད་མཐོ་བའི་སྒོ་འབྱེད་རྒྱུན་འཁྱོངས་བྱས་ཏེ། རྒྱལ་ཁབ་སོ་སོ་དང་མཉམ་དུ་ལག་རྡང་སྦྲེལ་ནས་མིའི་རིགས་ཀྱི་སྔར་ལས་མཛེས་པའི་མ་འོངས་པ་མཉམ་སྐྲུན་བྱེད་འདོད་ཡོད།
ཧོང་ཁུན་མེན་འགོ་རྩོམ་མཛད་སྒོར་ཞུགས།
རྒྱལ་ཁབ་བཞི་ཅུའི་སྔོན་ཆད་ཀྱི་ཆབ་སྲིད་འགོ་ཁྲིད་པ་དང་། རྒྱལ་སྤྱིའི་རྩ་འཛུགས་ཀྱི་འགན་ཁུར་མི་སྣ་དང་ཀྲུང་གོར་སྡོད་པའི་ཕྱི་རྒྱལ་གྱི་གཞུང་ཚབ་པ། ཆེད་མཁས་པ་སོགས་ཀྱིས་ཕྱོགས་མང་རིང་ལུགས་ཏེ། བརྗེ་རེས་སྔར་ལས་མང་བ་དང་དཀྱེལ་ཡང་སྔར་ལས་མང་བ། མཉམ་ལས་སྔར་ལས་མང་བ་ཞེས་པའི་བརྗོད་སྙིང་ལ་དམིགས་ནས་དཔྱད་གླེང་བྱས།
ཤ་བོ་གསེར་མཚོས་བསྒྱུར།