ཟླ12པའི་ཚེས4ཉིན། ཞིང་ཆེན་སྲིད་གཞུང་གིས་རྩ་ཁྲིམས་ལ་དམ་བཅའ་འཇོག་པའི་མཛད་སྒོ་བསྡུས་པ་དང་། ཞིང་ཆེན་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་དང་པོའི་ཚུན་དུ་ཞིང་ཆེན་སྲིད་གཞུང་ནས་ལས་འགན་ཁུར་བའི་རྒྱལ་ཁབ་ཀྱི་བྱ་བ་སྒྲུབ་མཁན་རྩ་འཛུགས་བྱས་ནས་རིམ་པ་བཞིན་རྩ་ཁྲིམས་ལ་དམ་བཅའ་བཞག ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། རྒྱུན་ལས་ཧྲིན་ཀྲང་གཞོན་པ་ཝང་ལིན་ཧུའུ་ཡིས་ལྟ་ཞིབ་བྱས།
རྩ་ཁྲིམས་ལ་དམ་བཅའ་འཇོག་པའི་མཛད་སྒོ་དེ་རྔམ་བརྗིད་ལྡན་པ་ཞིག་རེད། ཚང་མ་ཡར་ལངས་ནས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་གླུ་བླངས། དེའི་རྗེས་རྩ་ཁྲིམས་ལ་དམ་བཅའ་འཇོག་པའི་སྣེ་ཁྲིད་མི་སྣས་སྣེ་ཁྲིད་ནས་དམ་བཅའི་ཚིག་སྒྲོག་འདོན་བྱས་པ་དང་། དམ་བཅའ་འཇོག་མཁན་གྱི་མི་སྣ་གཞན་དག་གྲལ་དག་པར་སྒྲིག་ནས་ཁོའི་རྗེས་དེད་ནས་རྩ་ཁྲིམས་དམ་བཅའི་ཚིག་སྒྲོག་འདོན་བྱས།
རྩ་ཁྲིམས་དམ་བཅའ་བཞག་པའི་རྗེས་སུ་ཝང་ལིན་ཧུའུ་ཡིས་བསྟན་དོན། རྩ་ཁྲིམས་ལ་དམ་བཅའ་འཇོག་པ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སྐུ་དངོས་ཀྱིས་སྐུལ་འདེད་བཏང་བའི་སྒྲིག་སྲོལ་གལ་ཆེན་ཞིག་དང་། རྩ་ཁྲིམས་ཀྱི་ཟིལ་ཤུགས་ལ་སྲུང་སྐྱོབ་དང་རྩ་ཁྲིམས་ལག་བསྟར་བྱེད་པར་སྲུང་སྐྱོབ་བྱེད་པའི་བྱེད་ཐབས་གལ་ཆེན་ཡིན་ལ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་རྩ་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་དང་རྩ་ཁྲིམས་ལྟར་སྲིད་སྐྱོང་བ། རྩ་ཁྲིམས་ཀྱི་ཟིལ་ཤུགས་ལ་སྲུང་སྐྱོབ་བྱེད་པའི་འགྱུར་བ་མེད་པའི་བློ་སྤོབས་དང་ཆོད་སེམས་མཚོན་པར་བྱས་ཡོད། རྩ་ཁྲིམས་ལ་དམ་བཅའ་འཇོག་པའི་མཛད་སྒོ་བསྡུས་པ་ནི་ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པར་སློབ་སྦྱོང་དང་དེ་ལག་བསྟར་བྱེད་པའི་མཚོན་ཐབས་གལ་ཆེན་དང་རྩ་ཁྲིམས་དྲིལ་སྒྲོག་གཟའ་འཁོར་གྱི་བྱེད་སྒོའི་བྱེ་བྲག་གི་ལག་ལེན་ཡིན། ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པར་གོ་བ་གཏིང་ཟབ་ལེན་པ་དང་ངེས་པར་རྒྱུན་འཁྱོངས་བྱེད་དགོས་པ་བཅུ་གཅིག་གི་རྩ་བའི་དོན་སྙིང་དང་དགོངས་དོན་གྱི་ངོ་བོ། ཕུན་སུམ་ཚོགས་པའི་ནང་དོན། ལག་ལེན་བླང་བྱ་བཅས་ལ་གོ་བ་ཡང་དག་ལེན་དགོས། ནམ་ཡང་མི་དམངས་ཀྱི་ལངས་ཕྱོགས་བརྟན་པོར་བྱས་ནས་མི་དམངས་མང་ཚོགས་ཀྱི་འཚོ་བར་སྔར་ལས་ལྷག་པའི་གཟི་ཉམས་ལྡན་པ་དང་། སྔར་ལས་ལྷག་པའི་སྒོ་ནས་ཐོབ་ཚོར་དང་བདེ་སྣང་། སྐྱིད་སྣང་གིས་ཁྱབ་པར་བྱེད་དགོས། ནམ་ཡང་ཁྲིམས་ལྟར་འགན་སྒྲུབ་བྱས་ནས་ཁྲིམས་སྐྱོང་བསམ་ཕྱོགས་དང་ཁྲིམས་སྐྱོང་བྱེད་ཐབས་བཅོས་སྒྱུར་གཏིང་ཟབ་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། འགལ་བ་ཐག་གཅོད་བྱེད་པ། བརྟན་འཇགས་བརྟན་སྲུང་བྱེད་པ། ཉེན་ཁར་ཁ་གཏད་འཇལ་བའི་ནུས་པ་བཅས་མཐོར་འདེགས་གཏོང་དགོས། སྣེ་ཁྲིད་ནས་ཁྲིམས་བཀུར་བ་དང་ཁྲིམས་སློབ་པ། ཁྲིམས་བརྩི་བ། ཁྲིམས་བཀོལ་སྤྱོད་གཏོང་བ་བཅས་བྱས་ནས་རྩ་ཁྲིམས་དང་ཁྲིམས་ལུགས་ཀྱིས་བསྩལ་བའི་འགན་འཁྲི་ནན་གྱིས་ཁུར་ནས་སྙིང་སྟོབས་ཆེར་བསྐྱེད་དང་དཔའ་ངར་ཞིམ་མེད་ཀྱིས་མདུན་དུ་སྐྱོད་དེ་དེང་རབས་ཅན་གྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པའི་མཚར་སྡུག་གི་ལེའུ་འབྲི་བར་འབད་པ་ལྷོད་མེད་བྱེད་དགོས།
ཧྲིན་ཀྲང་གཞོན་པ་ཚེ་རིང་ཐར་དང་དབྱང་ཀྲི་ཝུན། ལིའུ་ཁྲའོ། ལིས་ཧུང་ཡཱ། ཧི་ལུའུ་ཁྲུན། ཝང་ཧའེ་ཧུང་བཅས་རྩ་ཁྲིམས་ལ་དམ་བཅའ་འཇོག་པའི་མཛད་སྒོར་ཞུགས།