ཟླ12པའི་ཚེས5ཉིན། 《འཛམ་གླིང་གི་འགྲོ་བ་མིའི་ཐོབ་ཐང་བསྒྲགས་གཏམ》སྤེལ་ནས་ལོ75འཁོར་བར་རྗེས་དྲན་ཞུ་བའི་རྒྱལ་སྤྱིའི་བགྲོ་གླེང་ཚོགས་འདུའི་མགོ་རྩོམ་མཛད་སྒོ་པེ་ཅིང་དུ་བསྡུས།
གྲོས་ཚོགས་ལས།《འཛམ་གླིང་གི་འགྲོ་བ་མིའི་ཐོབ་ཐང་བསྒྲགས་གཏམ》དེར་མིའི་རིགས་ཀྱི་ཤེས་རིག་འཕེལ་རྒྱས་ཀྱི་ལོ་རྒྱུས་སྟེང་ནས་བཤད་ན་དོན་སྙིང་གལ་ཆེན་ལྡན་པ་དང་། འཛམ་གླིང་གི་འགྲོ་བ་མིའི་ཐོབ་ཐང་གི་བྱ་གཞག་འཕེལ་རྒྱས་ལ་ཤུགས་རྐྱེན་ཆེན་པོ་ཐེབས་ཡོད། ཀྲུང་གོས་བདམས་པའི་འགྲོ་བ་མིའི་ཐོབ་ཐང་གི་འཕེལ་རྒྱས་བགྲོད་ལམ་དེ་ནི། ཀྲུང་གོའི་རྒྱལ་ཁབ་ཀྱི་གནས་ཚུལ་དང་མཐུན་པ་དང་མི་དམངས་ཀྱི་རེ་འདུན་དང་ཡོངས་སུ་མཐུན་པའི་དབང་གིས། ཀྲུང་གོས་རང་གིས་བདམས་པའི་འགྲོ་བ་མིའི་ཐོབ་ཐང་གི་འཕེལ་རྒྱས་བགྲོད་ལམ་འདི་ཉིད་བློ་བརྟན་འགྱུར་མེད་ངང་མདུན་ནས་མདུན་དུ་འཕེལ་བར་སྐུལ་འདེད་གཏོང་རྒྱུ་ཡིན། གཅིག་ནས་ཐུན་མོང་གི་བདེ་འཇགས་དར་སྤེལ་བཏང་ནས། འགྲོ་བ་མིའི་ཐོབ་ཐང་མངོན་འགྱུར་ཡོང་ཆེད་སྔར་ལས་བདེ་འཇགས་ཀྱི་རྒྱལ་སྤྱིའི་ཁོར་ཡུག་བསྐྲུན་དགོས། གཉིས་ནས་འཕེལ་རྒྱས་སྔོན་ལ་འཛིན་རྒྱུ་རྒྱུན་འཁྱོངས་བྱས་ཏེ། འགྲོ་བ་མིའི་ཐོབ་ཐང་མངོན་འགྱུར་ཡོང་ཆེད་སྔར་ལས་སྲ་བརྟན་གྱི་དངོས་པོའི་རྨང་གཞི་མཁོ་འདོན་བྱེད་དགོས། གསུམ་ནས་བརྗེ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་རྒྱུར་སྐུལ་འདེད་བཏང་ནས། འགྲོ་བ་མིའི་ཐོབ་ཐང་མངོན་འགྱུར་ཡོང་ཆེད། ཐབས་ལམ་དང་གདམ་ག་སྔར་ལས་ཕུན་སུམ་ཚོགས་པ་མཁོ་འདོན་བྱེད་དགོས། བཞི་ནས་དྲང་གཞག་དྲང་བདེན་རྒྱུན་འཁྱོངས་བྱས་ཏེ། འགྲོ་བ་མིའི་ཐོབ་ཐང་མངོན་འགྱུར་ཡོང་ཆེད། སྔར་ལས་ནུས་ལྡན་གྱི་མཉམ་ལས་སྟེགས་བུ་མཁོ་འདོན་བྱེད་དགོས་ཞེས་བསྟན།
ཐེངས་འདིའི་བགྲོ་གླེང་ཚོགས་འདུ་ཀྲུང་གོ་འགྲོ་བ་མིའི་ཐོབ་ཐང་འཕེལ་རྒྱས་ཐེབས་རྩ་ལྷན་ཚོགས་ཀྱིས་གཙོ་སྒྲུབ་བྱས། ཚོགས་ཞུགས་ཕྱོགས་སོ་སོས་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་རིག་གནས་ཁེ་དབང་དང་། འགྲོ་བ་མིའི་ཐོབ་ཐང་འཕེལ་རྒྱས་ཀྱི་བགྲོད་ལམ། འཛམ་གླིང་ཧྲིལ་པོའི་འགྲོ་བ་མིའི་ཐོབ་ཐང་བཅོས་སྐྱོང་སོགས་ལ་སྐུལ་འདེད་གཏོང་རྒྱུར་དམིགས་ཏེ་བགྲོ་གླེང་ཟབ་མོ་བྱས།
བན་དེ་སྐྱབས་ཀྱིས་བསྒྱུར།