ཀྲུང་གོ་དམངས་གཙོ་མནའ་མཐུན་གྱི་སྐབས་བཅུ་གསུམ་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་པེ་ཅིང་དུ་འཚོགས་མགོ་བརྩམས།
2023.12.06 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 160

ཀྲུང་གོ་དམངས་གཙོ་མནའ་མཐུན་སྐབས་བཅུ་གསུམ་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་ཟླ12པའི་ཚེས5ཉིན་པེ་ཅིང་དུ་འཚོགས་མགོ་བརྩམས་པ་དང་། དམངས་གཙོ་མནའ་མཐུན་ཚོགས་པ་ཀྲུང་དབྱང་གི་ཀྲུའུ་ཞི་ཏེན་ཀྲུང་ལིས་ཀྱིས་དམངས་གཙོ་མནའ་མཐུན་སྐབས་བཅུ་གསུམ་པའི་ཀྲུང་དབྱང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚབ་བྱས་ཏེ་བྱ་བའི་སྙན་ཞུ་ཕུལ་བ་དང་། དམངས་གཙོ་མནའ་མཐུན་ཚོགས་པ་ཀྲུང་དབྱང་གི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཝང་ཀོང་ཆན་གྱིས་མགོ་རྩོམ་ཚོགས་འདུར་མགོ་འཛིན་བྱས།

ཚང་འཛོམས་གྲོས་ཚོགས་ལས་ལོ་གསར་པའི་ནང་། མནའ་མཐུན་ཡོངས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་འཛིན་རྒྱུ་རྒྱུན་འཁྱོངས་བྱས་ཏེ། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་དང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཏང་གི་འཐབ་ཕྱོགས་གཅིག་གྱུར་ལས་དོན་ཡག་པོར་སྒྲུབ་པའི་སྐོར་གྱི་དགོངས་པ་གལ་ཆེན་ལག་བསྟར་དོན་འཁྱོལ་བྱས་ནས། ཆབ་སྲིད་ཀྱི་ལངས་ཕྱོགས་སྔར་ལས་ཇེ་བརྟན་དུ་གཏོང་བ་དང་རང་ངོས་འཛུགས་སྐྲུན་ལ་ཤུགས་སྣོན་པ། མནའ་མཐུན་ལས་དོན་གྱི་སྤུས་ཚད་ཁྱོན་ཡོངས་ནས་ཇེ་མཐོར་གཏོང་བ། སྲིད་དོན་ལ་བརྟེན་ནས་ཐབས་ཇུས་འདོན་པའི་ནུས་པ་དང་ཆུ་ཚད་ནུས་ཤུགས་ཡོད་རྒུས་ཇེ་མཐོར་གཏོང་བ་བཅས་བྱས་ཏེ། སྔར་ལས་འབད་འབུངས་ཡར་བརྩོན་གྱི་བསམ་པ་བཅངས་ནས། རང་འགན་གཙང་སྒྲུབ་དང་ཁྱོན་ཡོངས་ལ་ཞབས་འདེགས་ཞུས་ཏེ། དམངས་གཙོ་མནའ་མཐུན་གྱི་ལས་དོན་སྣ་ཚོགས་སྐས་རིམ་གསར་པ་ཞིག་ཏུ་འཕེལ་བར་སྐུལ་འདེད་བཏང་ནས། དམངས་གཙོ་མནའ་མཐུན་གྱི་དགེ་མཚན་ལ་བརྟེན་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་དགོས་ཞེས་བསྟན།

བན་དེ་སྐྱབས་ཀྱིས་བསྒྱུར།