ཟླ12པའི་ཚེས6ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཧན་ཀྲིན་གྱིས་པེ་ཅིང་དུ་མོ་ཞི་ཁོའི་ཕྱི་འབྲེལ་པུའུ་ཀྲང་པ་ཨར་སེ་ན་ལ་མཇལ་འཕྲད་གནང་།
ཧན་ཀྲིན་གྱིས་བསྟན་དོན། ཀྲུའུ་ཞི་ཞི་ཅིན་ཕིང་དང་ཙུང་ཐུང་ལོ་ཕེ་སི་གཉིས་ཀྱི་འཐབ་ཇུས་ཀྱི་སྣེ་ཁྲོག་འོག་ཏུ། ཀྲུང་གོ་དང་མོ་ཞི་ཁོའི་བར་དུ་ཆུ་ཚད་མཐོ་བའི་འབྲེལ་བ་རྒྱུན་འཁྱོངས་བྱས་ནས། འཐབ་ཇུས་རང་བཞིན་དང་ཁ་གསབ་རང་བཞིན། གཉིས་ཕན་རང་བཞིན་བཅས་མངོན་གསལ་གྱིས་ཇེ་མཐོར་སོང་། ད་ལོ་ནི་ཀྲུང་གོ་དང་མོ་ཞི་ཁོའི་བར་དུ་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་རེས་འབྲེལ་བ་བཙུགས་ནས་ལོ་འཁོར་བཅུ་འཁོར་བའི་ལོ་རེད། ཕྱོགས་གཉིས་ཀྱིས་རྒྱལ་ཁབ་གཉིས་ཀྱི་འགོ་ཁྲིད་ཀྱི་ཐུན་མོང་གི་ངོས་འཛིན་གལ་ཆེན་ལག་བསྟར་བྱས་ནས། ཆབ་སྲིད་ཀྱི་ཡིད་ཆེས་ཇེ་བརྟན་དུ་གཏོང་པ་དང་། ཕན་ཚུན་ལ་རྒྱབ་སྐྱོར་བྱེད་ཚད་ཇེ་བརྟན་དུ་བཏང་ནས། དངོས་གཉེར་མཉམ་ལས་གཏིང་ཟབ་བྱེད་དགོས་ལ། དམངས་སེམས་གཅིག་མཐུན་ཡོང་བར་ཤུགས་སྣོན་དགོས། མོ་ཞི་ཁོ་ཕྱོགས་ཀྱིས་རང་སྟེང་གི་འཕེལ་རྒྱས་འཐབ་ཇུས་དེ་ཀྲུང་གོ་ཕྱོགས་ཀྱི་གྲོས་འདོན་དགོངས་པ་གལ་ཆེན་དང་སྦྲེལ་མཐུད་བྱས་ཏེ། རྒྱལ་ཁབ་གཉིས་བར་གྱི་འབྲེལ་བ་སྐས་རིམ་གསར་བ་ཞིག་ཏུ་སླེབས་པར་སྐུལ་འདེད་གཏོང་བར་དགའ་བསུ་ཞུ་ཟེར། ཧན་ཀྲིན་གྱིས་ཉེ་ལམ་མོ་ཞིའི་ཁོ་ཞི་བདེ་རྒྱ་མཚོ་ཆེན་མོའི་མཚོ་འགྲམ་དུ་རྒྱ་མཚོའི་རླུང་འཚུབ་ཀྱི་གནོད་འཚེ་ཐེབས་པར་འཚམས་འདྲི་བྱས་ཏེ། ཀྲུང་གོ་ཕྱོགས་ཀྱིས་མོ་ཞི་ཁོའི་གནོད་འཚེའི་རྗེས་ཀྱི་བསྐྱར་འཛུགས་བྱ་བར་རྒྱབ་སྐྱོར་དང་རོགས་རམ་བྱེད་རྒྱུ་ཡིན་ཞེས་བསྟན།
པ་ཨར་སེ་ན་ཡིས་བསྟན་དོན། ཀྲུང་གོ་ཕྱོགས་ཀྱིས་མོ་ཞི་ཁོ་དཀའ་ངལ་ལ་འཕྲད་དུས་རྒྱུན་དུ་རོགས་རམ་བྱས་པར་བཀའ་དྲིན་ཞུ། མོ་ཞི་ཁོ་ཕྱོགས་ཀྱིས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་པའི་གྲོས་འགོ་གལ་ཆེན་རབ་དང་རིམ་པར་ཚད་མཐོ་བའི་བསྟོད་བསྔགས་བྱེད་ཀྱིན་ཡོད་ལ། ཀྲུང་གོ་ཕྱོགས་དང་མཉམ་དུ་རྒྱལ་ཁབ་གཉིས་ཀྱི་འགོ་གཙོའི་ཐུན་མོང་གི་ངོས་འཛིན་གལ་ཆེན་ལག་བསྟར་དོན་འཁྱོལ་བྱས་ནས། ཕྱོགས་གཉིས་ཀྱི་མཐུན་སྦྱོར་མཉམ་ལས་གཏིང་ཟབ་ཏུ་སྤེལ་ནས། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་སྔར་ལས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་འདོད་ཡོད་ཟེར།
སྐལ་བཟང་རྣམ་རྒྱལ་གྱིས་བསྒྱུར།