ལིས་ཆང་གིས་སིང་ག་ཕོར་གྱི་ཙུང་ལི་གཞོན་པ་དང་ནོར་སྲིད་པུའུ་ཀྲང་གི་འགན་གཅིག་ལྕོགས་སུ་འཁུར་མཁན་ཧོང་ཞོན་ཚའེ་ལ་མཇལ་འཕྲད་གནང་།
2023.12.07 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 28

ཟླ12པའི་ཚེས6ཉིན་གྱི་སྔ་དྲོར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་དུ། ཀྲུང་གོར་འཚམས་འདྲིར་ཡོང་བའི་སིང་ག་ཕོར་གྱི་ཙུང་ལི་གཞོན་པ་དང་ནོར་སྲིད་པུའུ་ཀྲང་གི་འགན་གཅིག་ལྕོགས་སུ་འཁུར་མཁན་ཧོང་ཞོན་ཚའེ་ལ་མཇལ་འཕྲད་གནང་།

ལིས་ཆང་གིས་ད་ལོ་ནི་ཀྲུང་གོ་དང་སིང་ག་ཕོར་གཉིས་ཀའི་ངོས་ནས་བཤད་ན་དོན་སྙིང་ཆེན་པོ་ལྡན་པའི་ལོ་ཞིག་ཡིན། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཙུང་ལི་ལིས་ཞན་ལུང་དང་མཉམ་དུ། རྒྱལ་ཁབ་གཉིས་ཀའི་འབྲེལ་བ་དེ་ཕྱོགས་ཡོངས་ནས་སྤུས་ཚད་མཐོ་བའི་རྒྱང་ལྟའི་རང་བཞིན་གྱི་རོགས་རེས་འབྲེལ་བར་རིམ་སྤོར་བྱས་པ་དངོས་སུ་ཁྱབ་བསྒྲགས་གནང་བར་བརྟེན། ཕྱོགས་གཉིས་ཀའི་ཁྱབ་ཁོངས་སོ་སོའི་མཉམ་ལས་ལ་སྐུལ་འདེད་ནུས་ལྡན་བཏང་ནས། རྣམ་པ་གསར་པ་དང་གསོན་ཤུགས་གསར་པ། སྐྱེ་སྟོབས་གསར་པ་བཅས་ཟམ་མི་ཆད་པར་མངོན་ཡོད། འབྱུང་འགྱུར་ལ་རྒྱང་ལྟ་བྱེད་སྐབས། ཀྲུང་གོ་ཕྱོགས་ཀྱིས་སིང་ག་ཕོར་ཕྱོགས་དང་མཉམ་དུ། རྒྱལ་ཁབ་གཉིས་ཀའི་མགོ་ཁྲིད་པའི་འཐབ་ཇུས་ཀྱི་སྣེ་ཁྲིད་བརྩི་སྲུང་བྱས་ནས། ས་ཁུལ་དང་འཛམ་གླིང་ཧྲིལ་པོའི་ངོས་ནས་རྒྱལ་ཁབ་གཉིས་ཀའི་འབྲེལ་བར་ལྟ་སྟངས་ཡང་དག་འཛིན་རྒྱུ་དང་། “ཕྱོགས་མང་པོ”དང“སྤུས་ཚད་མཐོན་པོ།”“རྒྱང་ལྟའི་རང་བཞིན”བཅས་ཀྱི་ངེས་གནས་ལ་སྟངས་འཛིན་ཡག་པོ་བྱེད་པ། ཆུ་ཚད་མཐོ་བའི་འཐབ་ཇུས་ཀྱི་ཡིད་ཆེས་རྒྱུན་འཁྱོངས་བྱེད་པ། སྤུས་ཚད་མཐོ་བའི་གཉིས་ཕན་མཉམ་ལས་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། རྒྱལ་ཁབ་གཉིས་ཀའི་མི་དམངས་ལ་བདེ་སྐྱིད་སྔར་ལས་ཡག་པོ་བསྐྲུན་ནས། ས་ཁུལ་བརྟན་བརླིང་དང་དར་རྒྱས་ཀྱི་ཆེད་དུ་ལེགས་སྐྱེས་སྔར་ལས་ཆེན་པོ་འབུལ་དགོས་ཞེས་གསུངས།

ལིས་ཆང་གིས་ཀྲུང་གོ་ཕྱོགས་ཀྱིས་སིང་ག་ཕོར་ཕྱོགས་དང་མཉམ་དུ། མཐོ་རིམ་འགྲོ་འོང་ཟབ་མོ་རྒྱུན་འཁྱོངས་བྱས་ནས། འཕེལ་རྒྱས་ཀྱི་འཐབ་ཇུས་སྦྲེལ་མཐུད་གཏིང་ཟབ་ཏུ་གཏོང་བ་དང་། རང་མོས་ཚོང་དོན་གྲོས་ཆོད་སྔར་ལས་རིམ་སྤོར་བྱ་རྒྱུ་གོ་སྐབས་སུ་བརྩིས་ཏེ། ཀྲུང་གོ་དང་སིང་ག་ཕོར་གྱི་མཉམ་ལས་སྤུས་ཚད་སྔར་ལས་ཇེ་མཐོར་གཏོང་བ་དང་རིམ་སྤོར་ལ་སྐུལ་འདེད་ནུས་ལྡན་བཏང་སྟེ། གཞི་གྲངས་དཔལ་འབྱོར་དང་ལྗང་མདོག་འཕེལ་རྒྱས། དངུལ་རྩའི་ཞབས་ཞུ། རྒྱ་མཚོའི་ནུས་པ་བཀོལ་སྤྱོད་སོགས་ཀྱི་ཁྱབ་ཁོངས་ཁྲོད་གྲུབ་འབྲས་སྔར་ལས་གང་མང་ཐོབ་པར་བྱས་ནས། སྐམ་མཚོའི་བགྲོད་ལམ་གསར་པ་བསྐྲུན་རྒྱུར་སྐུལ་འདེད་གཏོང་བ་དང་མི་གཞུང་རིག་གནས་བརྗེ་རེས་ལ་ཤུགས་བསྣན་ཏེ། སྤུས་ཚད་མཐོ་བའི“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་མཉམ་ལས་ཁྲོད་མུ་མཐུད་ཀུན་གྱི་མདུན་གྲལ་དུ་བསྐྱོད་འདོད་ཡོད།  ཀྲུང་གོ་ཕྱོགས་ཀྱིས་སིང་ག་ཕོར་སོགས་ས་ཁུལ་དང་རྒྱལ་ཁབ་བར་གྱི་མཐུན་སྒྲིལ་མཉམ་ལས་ལ་ཤུགས་སྣོན་པ་དང་། ཀྲུང་གོ་དང་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་རང་མོས་ཉོ་ཚོང་ཁུལ་གྱི་པར་གཞི་གསུམ་པའི་གྲོས་མོལ་ལ་མྱུར་དུ་སྐུལ་འདེད་བཏང་ནས། ས་ཁོངས་གཞི་གཅིག་ཅན་ལ་རྒྱུན་མཐུད་ངང་སྒུལ་ཤུགས་གསར་པ་སྣོན་འདོད་ཡོད་ཅེས་གསུངས།

ཧོང་ཞོན་ཚའེ་ཡིས་རྒྱལ་ཁབ་གཉིས་ཀའི་མཁྲིད་པའི་སྣེ་ཁྲིད་འོག་ཏུ། སིང་ག་ཕོར་དང་ཀྲུང་གོའི་བར་གྱི་འབྲེལ་བར་འཕེལ་ཕྱོགས་བཟང་པོ་མངོན་ཡོད།  སིང་ག་ཕོར་ཕྱོགས་ཀྱིས་ཀྲུང་གོའི་བར་གྱི་འབྲེལ་བར་མཐོང་ཆེན་གང་ལེགས་བྱས་ནས། ཀྲུང་གོའི་བར་གྱི་མཐོ་རིམ་འགྲོ་འོང་ཇེ་དམ་དུ་བཏང་སྟེ། དཔལ་འབྱོར་ཚོང་དོན་དང་དངུལ་གཏོང་། ལྗང་མདོག་འཕེལ་རྒྱས། གཞི་གྲངས་དཔལ་འབྱོར་སོགས་ཁྱབ་ཁོངས་ཀྱི་དངོས་སྒྲུབ་མཉམ་ལས་ལ་སྐུལ་མ་ནན་མོ་བཏང་ནས། ས་ཁུལ་གྱི་ཞི་བདེ་དང་བརྟན་བརླིང་། འཕེལ་རྒྱས་བཅས་སྲུང་སྐྱོབ་བྱ་ཆེད་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱས་ཏེ། སིང་ག་ཕོར་དང་ཀྲུང་གོའི་ཕྱོགས་ཡོངས་ཀྱི་སྤུས་ཚད་མཐོ་བའི་རྒྱང་ལྟའི་རང་བཞིན་གྱི་རོགས་རེས་འབྲེལ་བ་རྒྱུན་ཆད་མེད་པར་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་འདོད་ཡོད་ཅེས་བསྟན།

བན་དེ་སྐྱབས་ཀྱིས་བསྒྱུར།