རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་གིས་ཟླ12པའི་ཚེས7ཉིན་གྱི་ཕྱི་དྲོར་མི་དམངས་ཚོགས་ཁང་ཆེན་མོའི་ནང་དུ། ཡོ་རོབ་ལས་འཛིན་ལྷན་ཚོགས་ཀྱི་ཀྲུའུ་ཞི་མུས་ཞེ་ཨར་དང་ཡོ་རོབ་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཧྥུན་ཏི་ལའེ་ཨིན་དང་མཉམ་དུ། ཀྲུང་གོ་དང་ཡོ་རོབ་མནའ་འབྲེལ་གྱི་མགོ་ཁྲིད་པའི་ཐུག་འཕྲད་ཐེངས་ཉེར་བཞི་པར་མགོ་འཛིན་གནང་།
ལིས་ཆང་གིས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུའུ་ཞི་རྣམ་གཉིས་ལ་མཇལ་འཕྲད་གནང་ནས། ཀྲུང་གོ་དང་ཡོ་རོབ་བར་གྱི་འབྲེལ་བ་སྔར་ལས་ཇེ་དམ་དུ་གཏོང་རྒྱུའི་ཐད་ནས་འཐབ་ཇུས་ཀྱི་མཛུབ་སྟོན་གནང་ཡོད། དེང་སྐབས་ཀྱི་འཛམ་གླིང་ལ་འགྱུར་ལྡོག་ཧ་ཅང་ཆེན་པོ་འབྱུང་བཞིན་ཡོད་པས། ང་ཚོས་འགྱུར་ལྡོག་འདིའི་ཁྲོད་ནས་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་བྱེད་དགོས་པའི“མི་འགྱུར་བ”འཚོལ་དགོས་པ་སྟེ། གླེང་མོལ་རྒྱུན་འཁྱོངས་དང་འགྲན་རྒོལ་ལ་ངོ་རྒོལ། མཉམ་ལས་རྒྱུན་འཁྱོངས། “འབྲེལ་ཐག་གཅོད་པར”ངོ་རྒོལ། ཞི་བདེ་རྒྱུན་འཁྱོངས་དང་འཁྲུག་རྩོད་ལ་ངོ་རྒོལ་བཅས་བྱས་ནས། ཀྲུང་གོ་དང་ཡོ་རོབ་བར་གྱི་འབྲེལ་བ་མདུན་དུ་སྐྱོད་པའི་ཁ་ཕྱོགས་སྔར་ལས་ཁོང་དུ་ཆུད་པར་བྱེད་དགོས། ཀྲུང་གོ་ཕྱོགས་ཀྱིས་ཡོ་རོབ་ཕྱོགས་དང་མཉམ་དུ། ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་རེས་འབྲེལ་བའི་ངེས་གནས་ཡང་དག་པ་རྒྱུན་འཁྱོངས་བྱས་ནས། མཐུན་པ་ཡོང་ཐབས་འཚོལ་ཞིབ་དང་མི་མཐུན་པ་སོར་འཇོག་བྱེད་པ། གཉིས་ཕན་མཉམ་ལས་དང་ཕྱོགས་མང་མཐུན་སྦྱོར་ལ་ཤུགས་སྣོན་པ། ཀྲུང་གོ་དང་ཡོ་རོབ་བར་གྱི་འབྲེལ་བའི་བརྟན་བརླིང་རང་བཞིན་དང་དགེ་མཚན་རང་བཞིན། གཉིས་ཕན་རང་བཞིན། འཛམ་གླིང་ཧྲིལ་པོའི་རང་བཞིན་བཅས་སྔར་ལས་ཆེ་རུ་བཏང་ནས། ཨེ་ཤ་ཡ་དང་ཡོ་རོབ་སྐམ་ས་ཆེན་མོ་དང་དེ་བཞིན། འཛམ་གླིང་གི་དར་རྒྱས་དང་བརྟན་བརླིང་། འཕེལ་རྒྱས་བཅས་ཀྱི་ཆེད་དུ་བྱས་རྗེས་སྔར་ལས་ཆེན་པོ་འཇོག་འདོད་ཡོད་ཅེས་གསུངས།
ལིས་ཆང་གིས་ཀྲུང་གོ་ཕྱོགས་ཀྱིས་ཡོ་རོབ་ཕྱོགས་དང་མཉམ་དུ། གཉིས་ཕན་མཉམ་ལས་བྱེད་སྟངས་སྔར་ལས་གང་མང་ཧུར་ཐག་གིས་འཚོལ་ཞིབ་བྱས་ནས། ཕྱོགས་གཉིས་ཀའི་འབྲེལ་བར་སྒུལ་ནུས་དང་གསོན་ཤུགས་གསར་པ་ཟམ་མི་ཆད་པར་ཤུགས་སྣོན་འདོད་ཡོད། ཕྱོགས་གཉིས་ཀའི་ཚོང་དོན་དང་དངུལ་གཏོང་གཞི་ཁྱོན་སྔར་ལས་ཆེ་རུ་གཏོང་བ་དང་། ཚོང་དོན་དངུལ་གཏོང་རང་མོས་ཅན་དང་སྟབས་བདེ་ཅན་དུ་བསྒྱུར་བའི་ཆུ་ཚད་མུ་མཐུད་མཐོ་རུ་གཏོང་བ། ལྗང་མདོག་རོགས་རེས་འབྲེལ་བ་གཏིང་ཟབ་ཏུ་གཏོང་བ། གཞི་གྲངས་ཅན་གྱི་རོགས་རེས་འབྲེལ་བ་འབད་པས་འཛུགས་པ་བཅས་བྱས་ནས། མི་གཞུང་རིག་གནས་བརྗེ་རེས་བྱེད་ཤུགས་ཇེ་ཆེར་གཏོང་འདོད་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཁྲོམ་རའི་དཔལ་འབྱོར་གྱི་གཞི་རྩའི་ཚད་གཞི་ལས་འགལ་ནས་དཔལ་འབྱོར་ཚོང་དོན་གྱི་གནད་དོན་དེ་ཆབ་སྲིད་ཅན་དང་བདེ་འཇགས་ཅན་དུ་འགྱུར་བར་ངོ་རྒོལ་མཐའ་གཅིག་ཏུ་བྱེད་ཀྱིན་ཡོད། ཡོ་རོབ་ཕྱོགས་ཀྱིས་ཚོད་འཛིན་རང་བཞིན་གྱི་དཔལ་འབྱོར་ཚོང་དོན་སྲིད་ཇུས་དང་ཚོང་དོན་རྒུད་སྐྱོབ་ཀྱི་བྱེད་ཐབས་སྤྱོད་རྒྱུ་གཟབ་ནན་ངང་བཏོན་ནས། ཚོང་དོན་དང་དངུལ་གཏོང་ཁྲོམ་རའི་སྒོ་མོ་འབྱེད་རྒྱུ་རྒྱུན་འཁྱོངས་བྱ་རྒྱུའི་རེ་ལྟོས་ཡོད་ཅེས་གསུངས།
མུས་ཞེ་ཨར་དང་ཧྥུན་ཏི་ལའེ་ཨིན་གྱིས་ཡོ་རོབ་དང་ཀྲུང་གོའི་འབྲེལ་བ་ནི་ཡོ་རོབ་མནའ་འབྲེལ་གྱི་འབྲེལ་བའི་གྲས་ཤིག་ཡིན་པ་དང་། ཡོ་རོབ་མནའ་འབྲེལ་གྱིས་ཀྲུང་གོའི་བློ་གཏད་ཆོག་པའི་ཟླ་གྲོགས་གལ་ཆེན་ཞིག་བྱེད་འདོད་ཡོད། ཡོ་རོབ་མནའ་འབྲེལ་གྱིས་འཐབ་ཇུས་རང་བརྟེན་རྒྱུན་འཁྱོངས་བྱས་ཏེ། ཀྲུང་གོ་ཕྱོགས་དང་ལྷན་དུ། མཐོ་རིམ་བར་གྱི་གྲོས་མོལ་ལ་སྐུལ་འདེད་གཏོང་བ་དང་། ཕན་ཚུན་རྒྱུས་ལོན་བྱེད་ཚད་ཇེ་དྲག་ཏུ་གཏོང་བ། གོ་ནོར་ཐེབས་ཚད་ཉུང་དུ་གཏོང་བ། དཔལ་འབྱོར་ཚོང་དོན་དང་ཞིང་ལས་ཐོན་རྫས། གནམ་གཤིས་འགྱུར་ལྡོག མིས་བཟོས་རིག་ནུས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་གཏིང་ཟབ་ཏུ་གཏོང་བ། འཛམ་གླིང་ཧྲིལ་པོའི་རང་བཞིན་གྱི་འགྲན་སློང་ལ་མཉམ་དུ་ཁ་གཏད་འཇལ་བ་བཅས་བྱས་ཏེ། འཛམ་གླིང་གི་ཞི་བདེ་དང་བརྟན་བརླིང་། དར་རྒྱས་བཅས་ལ་སྐུལ་འདེད་གཏོང་འདོད་ཡོད་ཅེས་བསྟན།
ཝུའུ་ཀྲིན་ལུང་ཐེངས་འདིའི་མཇལ་འཕྲད་ཁྲོད་ཞུགས།
བན་དེ་སྐྱབས་ཀྱིས་བསྒྱུར།