རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཧན་ཀྲིན་གྱིས་ཚེས7ཉིན་ཧོང་ཏུ་ར་སིའི་རྒྱལ་ཚོགས་ཀྱི་ཀྲུའུ་ཞི་ལེ་ཏུང་ཏོ་ལ་མཇལ་འཕྲད་གནང་།
ཧན་ཀྲིན་གྱིས་བསྟན་དོན། ད་ལོའི་ཟླ་གསུམ་པར། རྒྱལ་ཁབ་གཉིས་ཀྱི་འགོ་གཙོས་མཁས་མཛངས་ལྡན་པའི་ཐག་གཅོད་བརྒྱུད་ནས། ཀྲུང་གོ་དང་ཧོང་ཏུ་ར་སིའི་བར་དུ་ཕྱི་ཕྱོགས་འབྲེལ་བ་བཙུགས་ཡོད། འབྲེལ་བ་བཙུགས་པ་ནས་བཟུང་། ཀྲུང་གོ་དང་ཧོང་ཏུ་ར་སིའི་འབྲེལ་བ་གོམ་སྟབས་བརྟན་པའི་ངང་ནས་འགོ་བཟང་བོ་བརྩམས་ཡོད་ཅིང་། འཕེལ་རྒྱས་ཀྱི་མདུན་ལྗོངས་རྒྱ་ཆེན་པོ་ལྡན། ཀྲུང་གོ་ཕྱོགས་ཀྱིས་ཧོང་ཏུ་ར་སི་ཕྱོགས་དང་མཉམ་དུ། རྒྱལ་ཁབ་གཉིས་ཀྱི་འགོ་གཙོའི་ཐུན་མོང་གི་ངོས་འཛིན་ལག་བསྟར་བྱེད་པ་དང་། ཆབ་སྲིད་ཡིད་ཆེས་ཇེ་བརྟན་དང་དངོས་གཉེར་མཉམ་ལས་རྒྱ་བསྐྱེད་ནས། དམངས་སེམས་གཅིག་མཐུན་ལ་ཡར་སྐུལ་དང་ཕྱོགས་མང་མཉམ་ལས་ལ་ཤུགས་བསྣན་ཏེ། ཀྲུང་གོ་དང་ཧོང་ཏུ་ར་སིའི་འབྲེལ་བ་དེ་དངོས་གཉེར་ཟབ་སྤེལ་དང་ཡུན་བརྟན་མདུན་བསྐྱོད་བྱེད་པ་དང་། ཧོང་ཏུ་ར་སིའི་དེང་རབས་ཅན་འཛུགས་སྐྲུན་གྱི་བགྲོད་ལམ་སྟེང་ལག་རྡང་མཉམ་དུ་སྦྲེལ་ནས། ཕན་ཚུན་བརྗེ་རེས་དང་མཐུན་སྒྲིལ་མཉམ་ལས་ལ་ཤུགས་བསྣན་ཏེ། གཉིས་ཕན་གཉིས་རྒྱལ་དང་མཉམ་དུ་འཕེལ་རྒྱས་འགྲོ་བ་མངོན་འགྱུར་བྱེད་པར་འཐད་པ་ཡིན་ཟེར།
ལེ་ཏུང་ཏོ་ཡིས་བསྟན་དོན། ཀྲུང་གོའི་བར་འབྲེལ་བ་བཙུགས་པ་ནི་ཧོང་ཏུ་ར་སིའི་མིག་རྒྱང་རིང་ཞིང་དམངས་སེམས་དང་མཐུན་པའི་ལོ་རྒྱུས་རང་བཞིན་གྱི་ཐག་གཅོད་ཅིག་ཡིན། ཧོང་ཏུ་ར་སིས་ཀྲུང་གོ་གཅིག་གི་རྩ་དོན་རྒྱུན་འཁྱོངས་བྱེད་པ་དང་། རྒྱལ་ཁབ་གཉིས་ཀྱི་གཉིས་ཕན་མཉམ་ལས་ལ་ཡར་སྐུལ་བྱས་ཏེ། མི་དམངས་ཀྱི་མཛའ་བརྩེ་ཇེ་དྲག་ཏུ་གཏོང་བར་སྐུལ་འདེད་གཏོང་འདོད་ཡོད་ཟེར།
སྐལ་བཟང་རྣམ་རྒྱལ་གྱིས་བསྒྱུར།