མཚོ་སྔོན་ཞིང་ཆེན་སྲིད་གཞུང་གིས་རྒྱུན་ལས་གྲོས་ཚོགས་བསྡུས།
2023.12.08 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 29

ཟླ12པའི་ཚེས7ཉིན། མཚོ་སྔོན་ཞིང་ཆེན་གྱི་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཝུའུ་ཞའོ་ཅུན་གྱིས་མགོ་འཛིན་བྱས་ནས་ཞིང་ཆེན་སྲིད་གཞུང་གི་རྒྱུན་ལས་གྲོས་ཚོགས་བསྡུས་ཏེ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་ཀྱི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་པ་དང་། ཞིང་ཆེན་ཏང་ཨུའི་བྱ་བའི་རེ་བ་ལག་བསྟར་བྱས་ལ། ཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་ཐད་ཀྱི་ཁྱབ་བསྒྲགས་བྱས་པའི་དཔེ་མཚོན་གྱོད་གཞི་དང་བརྒྱུད་སྤྲོད་གནད་དོན་གྱི་ཁུངས་སྣེ། འཕྲིན་བཅར་ཞུ་གཏུག་གནད་དོན་དག་ཐེར་ལེགས་བཅོས་བྱེད་པ་སོགས་ཀྱི་བྱ་བར་ཞིབ་འཇུག་དང་བཀོད་སྒྲིག་བྱས་པར་མ་ཟད། འབྲེལ་ཡོད་ཡིག་ཆར་གྲོས་ཞིབ་བྱས།

ཚོགས་ཐོག་ནས་ནན་གྱིས་བསྟན་དོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གྲོས་ཚོགས་ཀྱི་དགོངས་དོན་ལག་བསྟར་ཟབ་མོ་བྱེད་པ་དང་། སྟོབས་ཤུགས་ཡོད་རྒུས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ཕྱོགས་བསྡུས་ལྟ་ཞིབ་གནད་དོན་དག་ཐེར་ལེགས་བཅོས་བྱེད་པ་དམ་འཛིན་བྱེད་པ། གཅིག་ཤེས་ཀུན་གྲོལ་གྱིས་འབྲེལ་ཡོད་བྱ་བ་ལེགས་སྒྱུར་བྱས་ནས། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། ནང་ཕྱི་ཚོང་དོན་གཞི་གཅིག་ཅན་གྱི་འཕེལ་རྒྱས་ཇེ་མགྱོགས་སུ་གཏོང་བ་དང་། ཚོང་ར་གཉིས་དང་ཐོན་ཁུངས་སྣ་གཉིས་གཅིག་འདོམས་ཀྱིས་བཀོལ་སྤྱོད་བྱེད་པའི་ནུས་པ་མཐོར་འདེགས་གཏོང་བ། འབྲེལ་ཡོད་ནོར་སྲིད་དངུལ་རྩའི་རྒྱབ་སྐྱོར་སྲིད་ཇུས་ལག་བསྟར་བཟང་བོ་བྱེད་པ། འཕེལ་རྒྱས་ཀྱི་ཁོར་ཡུག་ལེགས་སྒྱུར་བྱེད་པ། ཕྱི་ཕྱོགས་སྒོ་འབྱེད་རྒྱ་བསྐྱེད་དེ། རང་འགུལ་གྱིས་འཕེལ་རྒྱས་ཀྱི་རྣམ་པ་གསར་བར་ཞབས་འདེགས་ཞུ་བ་དང་དེའི་ཁྲོད་འདྲེས་པར་བྱེད་དགོས། ཁྲིམས་ལྟར་གཏེར་ཁའི་ཐོན་ཁུངས་གསར་སྤེལ་དང་སྲུང་སྐྱོབ་བྱེད་པ་དང་། ཐོན་ལས་ཕྲེང་འབྲེལ་གྱི་མཉེན་ཤུགས་དང་འགྲན་རྩོད་ནུས་པ་མཐོར་འདེགས་གཏོང་བ། ཐོན་ལས་ལྗང་མདོག་ཅན་དང་རིག་ནུས་ཅན་གྱི་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས། རྒྱལ་ཁབ་འཐབ་ཇུས་ཐོན་ཁུངས་ཀྱི་བདེ་འཇགས་ལ་འགན་སྲུང་བྱེད་དགོས། འབྲེལ་ཡོད་བྱེད་ཐབས་སྔར་ལས་འཐུས་ཚང་དུ་བཏང་སྟེ། བརྟན་འཇགས་དང་གོ་རིམ་ལྡན་པའི་ངང་སྐྱེ་དངོས་སོན་གསོ་ཐོན་ལས་ཅན་དུ་བསྒྱུར་དགོས།

ཚོགས་ཐོག་ནས་ནན་གྱིས་བསྟན་དོན། ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཚོ་སྔོན་བྱ་བའི་ཐད་ཀྱི་བླང་བྱ་གལ་ཆེན་ལག་བསྟར་ཟབ་མོ་བྱེད་པ་དང་། ཀྲུང་དབྱང་ལྟ་ཞིབ་ཚན་ཆུང་གི་བྱ་བའི་རེ་བ་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་པ། ཆབ་སྲིད་སྟེང་ནས་བལྟ་བ་དང་ཆབ་སྲིད་སྟེང་ནས་བསྒྲུབ་པ། ཆབ་སྲིད་སྟེང་ནས་ལེགས་བཅོས་བྱེད་པ། ཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་ཐད་ནས་བསྒྲགས་པའི་དཔེ་མཚོན་གྱོད་གཞི་དང་བརྒྱུད་སྤྲོད་གནད་དོན་གྱི་ཁུངས་སྣེ། འཕྲིན་བཅར་ཞུ་གཏུག་གནད་དོན་དག་ཐེར་ལེགས་བཅོས་བྱེད་པ་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ། ཆབ་སྲིད་ཀྱི་འགན་འཁྲི་ཕྲག་ཏུ་བླངས་ཏེ། འགན་སྒྲུབ་ཁག་ཁུར་གྱི་འགུལ་སྐྱོད་དངོས་ལ་བརྟེན་ནས་གཏན་ཕབ་གཉིས་ལ་གོང་བཀུར་དང་སྲུང་སྐྱོང་གཉིས་ལག་བསྟར་བྱེད་དགོས། དཔེ་མཚོན་གྱོད་གཞི་ལ་ཞིབ་བཤེར་དང་རྩད་གཅོད་ནན་མོ་བྱེད་པ་དང་། ཆོག་མཆན་འཛིན་ཡིག་མེད་པར་སྔོག་འདོན་བྱེད་པ་དང་གཞི་ཁྱོན་ལས་བརྒལ་ནས་སྔོག་འདོན་བྱེད་པ། ཁྲིམས་སྲོལ་དང་འགལ་ནས་ཆུ་ལེན་ཆུ་བཀོལ་བྱེད་པ། ཁྲིམས་དང་འགལ་ནས་ས་ཞིང་འཛིན་བཟུང་བྱེད་པ་སོགས་ཀྱི་གནད་དོན་ལ་རྡུང་རྡེག་ཆེན་པོ་བྱེད་པ། ཚྭ་མཚོའི་ཐོན་ཁུངས་གསར་སྤེལ་ཁྲོད་ཀྱི་ཆུའི་ཐོན་ཁུངས་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཐད་ཀྱི་ལྟ་སྐུལ་ལྟ་རྟོག་ལ་ཤུགས་བསྣན་ནས། སྤུས་ཚད་མཐོ་བའི་ངང་འཛམ་གླིང་རིམ་པའི་ཚྭ་མཚོའི་ཐོན་ལས་རྟེན་གཞི་གསར་སྐྲུན་བྱེད་དགོས། སྤྲོད་སྒྲུབ་ཁུངས་སྣེ་མྱུར་དུ་བསྒྲུབ་པ་དང་། ཞིང་ཆེན་དང་གྲོང་ཁྱེར། རྫོང་རིམ་པ་གསུམ་གྱིས་མཉམ་འབྲེལ་བྱེད་པ་དང་མཉམ་ལས་སྐུལ་འདེད་གཏོང་བ། མྱུར་དུ་དང་ལེན་བྱེད་པ་དང་མྱུར་དུ་བསྒྲུབ་པ། མྱུར་དུ་ཞིབ་བཤེར་དང་མྱུར་དུ་ལས་སྒྲུབ་བྱེད་པ། མྱུར་དུ་ཡར་ཞུ་བྱེད་པའི་བྱ་བའི་གདུབ་ཟུམ་གྲུབ་པར་བྱེད་དགོས། རིགས་མི་འདྲ་བའི་གནད་དོན་སྣ་ཚོགས་དངོས་སུ་དག་ཐེར་ལེགས་བཅོས་བྱེད་པ་དང་། མགྱོགས་ཞིབ་དངོས་ཟབ་དང་གཟབ་ནན་རྒྱུན་འཁྱོངས་བྱེད་པ། གནད་དོན་མཐའ་གཅིག་ཏུ་དག་ཐེར་ལེགས་བཅོས་བྱས་ནས། གནད་དོན་ཞིབ་བཤེར་གསལ་བོ་མ་བྱས་ན་རང་དགར་མི་བསྐྱུར་བ་དང་དག་ཐེར་ལེགས་བཅོས་བཟང་བོ་མ་བྱས་ན་རང་དགར་མི་བསྐྱུར་བ། འགན་འཁྲི་ལག་བསྟར་མ་བྱས་ན་རང་དགར་མི་བསྐྱུར་བ། མང་ཚོགས་ཡིད་མ་ཚིམ་ན་རང་དགར་མི་བསྐྱུར་བར་བྱེད་དགོས། ཚན་རིག་དང་མཐུན་པ་དང་གནད་ལ་འཁེལ་བའི་སྒོ་ནས་འགན་འཁྲི་རྩད་གཅོད་ནན་མོ་བྱས་ཏེ། ཁྲིམས་སྲོལ་དང་འགལ་བའི་སྤྱོད་ཚུལ་དང་གྱོད་གཞིའི་རྒྱབ་ཕྱོགས་ཀྱི་རུལ་སུངས་དང་སྤྱོད་ཚུལ་གནད་དོན་རྩད་གཅོད་ནན་མོ་བྱེད་དགོས།

ཚོགས་ཐོག་ནས་མཚོ་སྔོན་ཞིང་ཆེན་གྱི་ཆུ་དྲའི་འཆར་འགོད་ལ་གྲོས་ཞིབ་བྱས་པར་མ་ཟད་རྩ་དོན་སྟེང་གྲོས་འཆམ་བྱུང་། ཚོགས་ཐོག་ནས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཆུ་བཅོས་སྐོར་གྱི་རྣམ་བཤད་གལ་ཆེན་སློབ་སྦྱོང་དང་ལག་བསྟར་བྱེད་པ་དང་། དྲ་འབྲེལ་དང་ཁ་གསབ། ཕྲེང་འབྲེལ་སྟོབས་ལྡན་དུ་བསྒྱུར་བ་གཙོ་གནད་དུ་བྱེད་པ། ཆུའི་ཐོན་ཁུངས་ལེགས་སྒྱུར་སྡེབ་སྒྲིག་དྲ་བ་དང་ཆུའི་སྐྱེ་ཁམས་སྲུང་སྐྱོབ་སླར་གསོ་དྲ་བ། ཞོད་འགོག་བདེ་སྲུང་དྲ་བ་སོགས་འཛུགས་པ་ལས་འགན་གཙོ་བོ་རུ་བརྩི་བ། ལས་གཞིའི་དུས་འགོ་ལེགས་སྒྱུར་བྱེད་པ་དང་དངུལ་གཏོང་དོ་དམ་ནན་མོ་བྱེད་པ། རྩ་འཛུགས་ལག་བསྟར་ལ་ཤུགས་བསྣན་ནས། དེང་རབས་ཅན་གྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་ཐད་ཆུའི་བདེ་འཇགས་འགན་སྲུང་བརྟན་པོ་འདོན་སྤྲོད་བྱེད་དགོས།

ཚོགས་ཐོག་ནས་ད་དུང་བྱ་བ་གཞན་པར་ཞིབ་འཇུག་བྱས།

རིན་ཆེན་མཚོས་བསྒྱུར།