
ཟླ12པའི་ཚེས7ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཏེའོ་ཡུས་ཐའེ་རྒྱལ་མགྲོན་ཁང་དུ། ཀྲུང་གོར་ཀྲུང་གོ་དང་ཡོ་རོབ་མནའ་འབྲེལ་གྱི་མགོ་ཁྲིད་པའི་ཐུག་འཕྲད་ཐེངས་ཉེར་བཞི་པར་ཞུགས་པར་ཡོང་བའི་ཡོ་རོབ་ལས་འཛིན་ལྷན་ཚོགས་ཀྱི་ཀྲུའུ་ཞི་མུས་ཞེ་ཨར་དང་ཡོ་རོབ་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཧྥུན་ཏི་ལའེ་ཨིན་ལ་མཇལ་འཕྲད་གནང་།

ཟླ12པའི་ཚེས7ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཏེའོ་ཡུས་ཐའེ་རྒྱལ་མགྲོན་ཁང་དུ། ཀྲུང་གོར་ཀྲུང་གོ་དང་ཡོ་རོབ་མནའ་འབྲེལ་གྱི་མགོ་ཁྲིད་པའི་ཐུག་འཕྲད་ཐེངས་ཉེར་བཞི་པར་ཞུགས་པར་ཡོང་བའི་ཡོ་རོབ་ལས་འཛིན་ལྷན་ཚོགས་ཀྱི་ཀྲུའུ་ཞི་མུས་ཞེ་ཨར་དང་ཡོ་རོབ་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཧྥུན་ཏི་ལའེ་ཨིན་ལ་མཇལ་འཕྲད་གནང་།
ཞི་ཅིན་ཕིང་གིས་ན་ནིང་གི་ལོ་མཇུག་ནས་བཟུང་། ཀྲུང་གོ་དང་ཡོ་རོབ་བར་གྱི་འབྲེལ་བ་བརྟན་པོའི་ངང་འཕེལ་རྒྱས་འགྲོ་བའི་རྣམ་པ་བཟང་བོ་མངོན་ཡོད་པ་དང་། འཐབ་ཇུས་དང་དཔལ་འབྱོར་ཚོང་དོན། ལྗང་མདོག གཞི་གྲངས་བཅས་ཁྱབ་ཁོངས་ཀྱི་མཐོ་རིམ་སྐད་ཆ་བཤད་རེས་ཀྱིས་གྲུབ་འབྲས་ཆེན་པོ་བླངས་ཡོད་ཅིང་། དེ་ནི་ཕྱོགས་གཉིས་ཀའི་ཁེ་ཕན་དང་མི་དམངས་ཀྱི་རེ་ལྟོས་དང་ཀུན་ནས་མཐུན་ཡོད། ཀྲུང་གོ་དང་ཡོ་རོབ་ནི་སྣེ་མང་ཅན་ལ་སྐུལ་འདེད་གཏོང་བའི་སྟོབས་ཤུགས་ཆེན་པོ་གཉིས་དང་། འཛམ་གླིང་གཞི་གཅིག་ཅན་ལ་རྒྱབ་སྐྱོར་བྱེད་པའི་ཁྲོམ་ར་ཆེན་པོ་གཉིས། སྣ་མང་རང་བཞིན་དར་སྤེལ་གཏོང་བའི་ཤེས་རིག་ཆེན་པོ་གཉིས་བཅས་ཡིན་པའི་དབང་གིས། མིག་སྔའི་ཟང་ཟིང་དང་ཛ་དྲག་ཅན་དུ་འཕེལ་བཞིན་པའི་རྒྱལ་སྤྱིའི་གནས་བབ་འོག་ཏུ། ཀྲུང་གོ་དང་ཡོ་རོབ་བར་གྱི་འབྲེལ་བར་འཐབ་ཇུས་ཀྱི་དོན་སྙིང་དང་འཛམ་གླིང་གི་ཤུགས་རྐྱེན་ལྡན་པར་མ་ཟད། འཛམ་གླིང་ཞི་བདེ་དང་བརྟན་བརླིང་། དར་རྒྱས་བཅས་ཡོང་མིན་དང་འབྲེལ་བ་ངེས་ཅན་ཡོད། ཕྱོགས་གཉིས་ཀས་མཉམ་དུ་འཛམ་གླིང་ལ་སྔར་ལས་མང་བའི་བརྟན་བརླིང་རང་བཞིན་མཁོ་འདོན་བྱས་ནས། འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་ནས་ནུས་པ་སྔར་ལས་ཆེན་པོ་སྣོན་རྒྱུའི་འགན་འཁྲི་ཡོད་ཅེས་གསུངས།
ཞི་ཅིན་ཕིང་གིས་ད་ལོ་ནི་ཀྲུང་གོ་དང་ཡོ་རོབ་མནའ་འབྲེལ་བར་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་རེས་འབྲེལ་བ་བཙུགས་ནས་ལོ་ཉི་ཤུ་འཁོར་བའི་ལོ་ཡིན། ཕྱོགས་གཉིས་ཀས་ལོ་རྒྱུས་ཀྱི་ཉམས་མྱོང་ཕྱོགས་སྡོམ་བྱེད་པ་དང་། འཛམ་གླིང་གི་འཕེལ་ཕྱོགས་ཆེན་པོ་ཁོང་དུ་ཆུད་པར་བྱེད་པ། ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་རེས་འབྲེལ་བའི་ངེས་གནས་ཡང་དག་རྒྱུན་འཁྱོངས་བཅས་བྱེད་དགོས། ཕྱོགས་གཉིས་ཀས་ཆབ་སྲིད་ཀྱི་རྨང་གཞི་སྔར་ལས་ཇེ་བརྟན་དུ་གཏོང་བ་དང་། འཐབ་ཇུས་ཀྱི་མིག་རྒྱང་ངོས་ནས་ཕན་ཚུན་ལ་ལྟ་སྟངས་ཡང་དག་འཛིན་རྒྱུ་རྒྱུན་འཁྱོངས་བྱེད་པ། མགོ་ཁྲིད་པའི་ཐུག་འཕྲད་དང་མཐོ་རིམ་གྱི་གླེང་མོལ་ཆེ་གྲས་ལྔའི་སྣེ་ཁྲིད་ནུས་པ་འདོན་སྤེལ་ཡག་པོ་བྱེད་པ། འཐབ་ཇུས་རང་བཞིན་གྱི་འབྲེལ་གཏུག་ལ་ཤུགས་སྣོན་པ་བཅས་བྱས་ཏེ། ཕན་ཚུན་བར་དགེ་མཚན་ལྡན་པའི་གྲོས་མོལ་བྱས་ནས། ཕན་ཚུན་བར་རྒྱུས་ལོན་དང་ཕན་ཚུན་བར་གྱི་མི་མཐུན་པའི་ཆ་ཐག་གཅོད་འོས་འཚམ་བྱེད་དགོས། ཕྱོགས་གཉིས་ཀས་ཡང་དག་པའི་ངོས་འཛིན་ཀྱི་ལྟ་བ་འཛུགས་རྒྱུ་དང་། ཕན་ཚུན་བར་བསམ་ཤེས་དང་ཕན་ཚུན་ཡིད་ཆེས་བྱེད་ཚད་སྔར་ལས་ཇེ་ཆེར་གཏོང་བ། ཁ་དན་ཚིག་ལ་གནས་པར་བྱེད་པ། བློ་གཅིག་སེམས་གཅིག་གིས་འབྲེལ་བ་འཕེལ་རྒྱས་གཏོང་བ་བཅས་བྱེད་དགོས་པ་ལས། ལམ་ལུགས་མི་འདྲ་བ་རྒྱུ་རྐྱེན་དུ་བཟུང་ནས་ཕན་ཚུན་ཁ་གཏད་དུ་ལངས་མི་རུང་བ་དང་། འགྲན་རྩོད་རྒྱུ་རྐྱེན་དུ་བཟུང་ནས་མཉམ་ལས་བྱེད་ཚད་ཇེ་ཉུང་དུ་གཏན་ནས་གཏོང་མི་རུང་ལ། མི་མཐུན་པའི་ཆ་གནས་པ་རྒྱུ་རྐྱེན་དུ་བཟུང་ནས་ཕན་ཚུན་ཁ་གཏད་དུ་ལངས་མི་ཉན། ཀྲུང་གོ་དང་ཡོ་རོབ་བར་གྱི་དཔལ་འབྱོར་ལ་གསབ་རེས་རང་བཞིན་ཆེན་པོ་ལྡན་པས། ཕྱོགས་གཉིས་ཀས་སྣོན་ཐབས་མང་ཙམ་བཟོས་ནས། སྔར་ལས་གཏིང་ཟབ་པ་དང་རྒྱ་ཆེ་བའི་མཉམ་ལས་ལ་བརྟེན་ཏེ། ཀྲུང་གོ་དང་ཡོ་རོབ་བར་གྱི་ཁེ་ཕན་གཅིག་མཐུན་ཚོགས་པའི་འབྲེལ་ཐག་ཇེ་དམ་དུ་གཏོང་དགོས། ཀྲུང་གོའི་དཔལ་འབྱོར་གྱིས་བརྟན་ཐོག་ཡར་འཕེལ་གྱི་རྣམ་པ་རྒྱུན་འཁྱོངས་བྱེད་ཐུབ་ཡོད་ཅིང་། ཀྲུང་གོས་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་ཆུ་ཚད་མཐོ་བའི་སྒོ་འབྱེད་ལ་སྐུལ་འདེད་གཏོང་བཞིན་ཡོད། ཀྲུང་གོས་ཡོ་རོབ་མནའ་འབྲེལ་འདི་ཉིད་དཔལ་འབྱོར་ཚོང་དོན་མཉམ་ལས་ཀྱི་ཟླ་གྲོགས་གཙོ་བོ་དང་། ཚན་རྩལ་མཉམ་ལས་ཀྱི་ཟླ་གྲོགས་སྔོན་གྲས། ཐོན་ལས་ཕྲེང་འབྲེལ་མཉམ་ལས་ཀྱི་བློ་གཏད་ཆོག་པའི་ཟླ་གྲོགས་བཅས་སུ་བརྩིས་ནས། གཉིས་ཕན་གཉིས་རྒྱལ་དོན་གཉེར་བྱས་ཏེ། མཉམ་དུ་འཕེལ་རྒྱས་ཡོང་བར་བྱེད་འདོད་ཡོད། ཕྱོགས་གཉིས་ཀས་ཁྲོམ་ར་དང་མ་རྩ། ལག་རྩལ་བཅས་ཀྱི་ལེགས་ཆ་གསབ་རེས་བྱ་རྒྱུར་ཤུགས་སྣོན་པ་དང་། སྲོལ་རྒྱུན་གྱི་ཐོན་ལས་རིམ་སྤོར་དང་གསར་དར་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། མཉམ་ལས་བྱེད་སྟངས་གསར་པ་འཚོལ་ཞིབ་བྱེད་པ། འཕར་གཞི་གསར་པ་བསྐྲུན་པ། ཐོན་ལས་ཕྲེང་འབྲེལ་ནུས་ཤུགས་ཡོད་རྒུས་འཐུས་ཚང་དུ་གཏོང་བ་བཅས་བྱེད་དགོས། ཕྱོགས་གཉིས་ཀས་ད་དུང་མི་གཞུང་རིག་གནས་བརྗེ་རེས་ལ་ཤུགས་བསྣན་ནས། མི་སྣ་འགྲོ་འོང་ལ་སྟབས་བདེ་བསྐྲུན་དགོས་ཞེས་ནན་གྱིས་གསུངས།
ཞི་ཅིན་ཕིང་གིས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་དང་ཡོ་རོབ་གཞི་གཅིག་ཅན་ནི། ཀྲུང་གོ་དང་ཡོ་རོབ་སོ་སོས་འབྱུང་འགྱུར་ལ་དམིགས་ནས་བཏོན་པའི་འཐབ་ཇུས་ཀྱི་གདམ་ག་ཞིག་ཡིན་པས། ཀྲུང་གོ་དང་ཡོ་རོབ་བར་ཕན་ཚུན་བརྩི་འཇོག་དང་ཕན་ཚུན་རྒྱབ་སྐྱོར། འཕེལ་རྒྱས་ཀྱི་འཐབ་ཇུས་འབྲེལ་མཐུད་ལ་ཤུགས་སྣོན་པ་བཅས་བྱས་ནས། མཉམ་དུ་འཕེལ་རྒྱས་ཡོང་བར་བྱེད་དགོས། “རྒྱུད་གཅིག་ལམ་གཅིག”མཉམ་དུ་བསྐྲུན་རྒྱུའི་གྲོས་འགོ་ནི་སྒོ་འབྱེད་སྟེགས་བུ་ཞིག་ཡིན་པས། དེས་འཛམ་གླིང་སྟེང་གི་རྒྱལ་ཁབ 150ལྷག་གི་མི་དམངས་ལ་ཕན་པ་དངོས་སྟེར་ཐུབ། མེ་ཏོག་རྒྱ་སེ་མི་ལ་བྱིན་ནའང་ལག་ཏུ་དྲི་ཞིམ་འགོས་ཡོད་པ་ལྟར་དུ། ཀྲུང་གོ་ཕྱོགས་ཀྱིས་སྤུས་ཚད་མཐོ་བའི་སྒོ་ནས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་ལས་དོན་ལ་སྐུལ་འདེད་གཏོང་འདོད་ཡོད་ཅིང་། དེའི་ནང་ཡོ་རོབ་མནའ་འབྲེལ་གྱི“འཛམ་གླིང་ཧྲིལ་པོའི་འགག་སྒོའི”འཆར་གཞི་དང་སྦྲེལ་མཐུད་བྱས་ནས། འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་འཕེལ་ཚད་སྔར་ལས་ཇེ་མགྱོགས་སུ་གཏོང་བར་རོགས་རམ་བྱེད་རྒྱུ་ཡིན། ཕྱོགས་གཉིས་ཀས་མཉམ་འབྲེལ་རྒྱལ་ཚོགས་དང་རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་སོགས་ཕྱོགས་མང་སྒྲོམ་གཞིའི་ཁྲོད་ཀྱི་འབྲེལ་གཏུག་དང་མཐུན་སྦྱོར་ལ་ཤུགས་སྣོན་པ་དང་། ཕྱོགས་མང་རིང་ལུགས་རྒྱུན་འཁྱོངས་བྱེད་པ། དཔུང་ཁག་གི་འགྲན་རྒོལ་ལ་ངོ་རྒོལ་བྱེད་པ། ཆབ་སྲིད་ཀྱི་སྟེང་ནས་རྒྱལ་སྤྱི་དང་ས་ཁུལ་གྱི་གླེང་ཚད་མང་བའི་གནད་དོན་ཐག་གཅོད་བྱ་རྒྱུར་སྐུལ་འདེད་གཏོང་བ། མིས་བཟོས་རིག་ནུས་སོགས་མིའི་རིགས་ཀྱི་འབྱུང་འགྱུར་དང་འབྲེལ་བ་ཡོད་པའི་གནད་དོན་གལ་ཆེན་ཐད་ནས་སྐད་ཆ་བཤད་རེས་དང་མཉམ་ལས་བྱེད་པ་བཅས་བྱས་ནས། མིའི་རིགས་ཀྱི་བདེ་སྐྱིད་ཆེ་རུ་གཏོང་བ་དང་འཛམ་གླིང་ཧྲིལ་པོའི་རང་བཞིན་གྱི་འགྲན་སློང་ལ་ཁ་གཏད་འཇལ་ཆེད་བྱས་རྗེས་འཇོག་འདོད་ཡོད་ཅེས་གསུངས།
མུས་ཞེ་ཨར་དང་ཧྥུན་ཏི་ལའེ་ཨིན་གྱིས་ཡོ་རོབ་མནའ་འབྲེལ་གྱིས་ཀྲུང་གོ་གཅིག་གི་སྲིད་ཇུས་ལག་བསྟར་རྒྱུན་འཁྱོངས་བྱེད་ཀྱིན་ཡོད། ཡོ་རོབ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ། ཕན་ཚུན་བརྩི་འཇོག་དང་སྒོ་འབྱེད་ཟོལ་མེད་ཀྱི་རྣམ་འགྱུར་བཟུང་ནས། མི་མཐུན་པའི་གནད་དོན་ཐད་ནས་འབྲེལ་གཏུག་བྱ་རྒྱུར་ཤུགས་བསྣན་ཏེ། རྒྱུས་ལོན་བྱེད་ཚད་ཇེ་ཆེར་གཏོང་འདོད་ཡོད། ཡོ་རོབ་དང་ཀྲུང་གོས་འཛམ་གླིང་གི་ཞི་བདེ་དང་བརྟན་བརླིང་ལ་མཉམ་དུ་འགན་འཁྲི་འཁུར་ཡོད་ལ། ཐུན་མོང་གི་ཁེ་ཕན་ཡང་ལྡན། ཡོ་རོབ་མནའ་འབྲེལ་གྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ། མཐུན་སྦྱོར་མཉམ་ལས་དམ་ཟབ་བྱས་ནས། ཕྱོགས་མང་རིང་ལུགས་ལ་སྲུང་སྐྱོབ་བྱེད་པ་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྩ་ཁྲིམས་ཀྱི་དམིགས་ཡུལ་དང་རྩ་དོན་ལ་སྲུང་སྐྱོབ་བྱས་ཏེ། ཝུའུ་ཁི་ལན་དང་དབུས་ཤར་སོགས་ས་ཁུལ་གྱི་གླེང་ཚད་མང་བའི་གནད་དོན་ཐག་གཅོད་བྱ་རྒྱུར་སྐུལ་འདེད་གཏོང་འདོད་ཡོད་ཅེས་བསྟན།
ཝང་དབྱི་མཇལ་འཕྲད་ཁྲོད་ཞུགས།
བན་དེ་སྐྱབས་ཀྱིས་བསྒྱུར།