ཀྲའོ་ལི་ཅི་ཡིས་ཧོང་ཏུ་ར་སིའི་རྒྱལ་ཚོགས་ཀྱི་ཀྲུའུ་ཞི་ལེ་ཏུང་ཏོ་དང་གྲོས་མོལ་གནང་།
2023.12.08 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 35

ཟླ12པའི་ཚེས7ཉིན་གྱི་ཕྱི་དྲོ་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲའོ་ལི་ཅི་ཡིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་དུ་ཧོང་ཏུ་ར་སིའི་རྒྱལ་ཚོགས་ཀྱི་ཀྲུའུ་ཞི་ལེ་ཏུང་ཏོ་དང་གྲོས་མོལ་གནང་། ཀྲའོ་ལི་ཅི་ཡིས་བསྟན་དོན།  ཀྲུང་གོ་དང་ཧོང་ཏུ་ར་སིའི་བར་འབྲེལ་བ་བཙུགས་པ་དེ་ནི་རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་གྱིས་ལོ་རྒྱུས་ཀྱི་དོན་སྙིང་ལྡན་པའི་ཆབ་སྲིད་ཀྱི་ཇུས་ཐག་གལ་ཆེན་བཅད་པ་ཞིག་ཡིན་པར་མ་ཟད། ཕྱོགས་གཉིས་ཀྱི་འབྲེལ་བར་འཕེལ་རྒྱས་ཀྱི་ལེའུ་གསར་པ་བརྩམས་ཡོད། ད་ལོའི་ཟླ6པར་ཀྲུའུ་ཞི་ཞི་ཅིན་ཕིང་དང་ཙུང་ཐུང་ཁ་སི་ཐི་ལོ་ཡིས་ལོ་རྒྱུས་རང་བཞིན་གྱི་ཐུག་འཕྲད་བྱས་ནས་ཀྲུང་གོ་དང་ཧོང་ཏུ་ར་སིའི་བར་གྱི་འབྲེལ་བ་འཕེལ་རྒྱས་སུ་གཏོང་བའི་འཆར་གཞི་བཀོད་པ་རེད། ཀྲུང་གོ་ཕྱོགས་ཀྱིས་ཧོང་ཏུ་ར་སི་ཕྱོགས་དང་མཉམ་དུ་རྒྱལ་ཁབ་གཉིས་ཀྱི་འགོ་གཙོ་ཡི་ཐུན་མོང་ངོས་འཛིན་གལ་ཆེན་དོན་འཁྱོལ་བྱེད་པ་དང་ཁྱབ་ཁོངས་ཁག་གི་བརྗེ་རེས་མཉམ་ལས་ལ་ཤུགས་བསྣན་ནས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་རྒྱུན་མཐུད་དང་བརྟན་འཇགས་ངང་འཕེལ་རྒྱས་སུ་འགྲོ་རྒྱུར་སྐུལ་འདེད་གཏོང་འདོད་ཡོད་ཅེས་གསུངས།

ཀྲའོ་ལི་ཅི་ཡིས་བསྟན་དོན།  ཀྲུང་གོ་ཕྱོགས་ཀྱིས་ཧོང་ཏུ་ར་སི་ཕྱོགས་ཀྱིས་ཀྲུང་གོ་གཅིག་གི་རྩ་དོན་བརྩི་སྲུང་ནན་མོ་བྱས་ནས་ཧོང་ཏུ་ར་སི་ཡིས་རྒྱལ་ཁབ་ཀྱི་བདག་དབང་རང་བཙན་དང་འཕེལ་རྒྱས་ལ་སྐུལ་འདེད། དམངས་ཚིས་ཇེ་ལེགས་སུ་གཏོང་བ་བཅས་ཀྱི་ཆེད་དུ་འབད་བརྩོན་བྱས་པར་ཚད་མཐོའི་བསྟོད་བསྔགས་བྱེད་བཞིན་ཡོད།  རྒྱལ་ཁབ་གཉིས་བར་ལ་འབྲེལ་བ་བཙུགས་ནས་དུས་ཚོད་རིང་པོ་ཕྱིན་མེད་ཀྱང་ཕྱོགས་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་མགྱོགས་པོ་ཕྱིན་ཡོད། ཀྲུང་གོ་ཕྱོགས་ཀྱིས“རྒྱུད་གཅིག་ལམ་གཅིག”མཉམ་དུ་བསྐྲུན་རྒྱུའི་གྲོས་འགོར་ཧོང་ཏུ་ར་སི་ཕྱོགས་ཞུགས་རྒྱུར་དགའ་བསུ་ཞུ་རྒྱུ་དང་འཕེལ་རྒྱས་ཀྱི་འཐབ་ཇུས་སྦྲེལ་མཐུད་བྱེད་ཚད་ཇེ་མགྱོགས་སུ་བཏང་ནས་དངོས་སྒྲུབ་མཉམ་ལས་ལ་གྲུབ་འབྲས་གསར་པ་ཐོབ་རྒྱུར་སྐུལ་འདེད་གཏོང་འདོད་ཡོད།  ཀྲུང་གོ་ཕྱོགས་ཀྱིས་ཧོང་ཏུ་ར་སི་ཕྱོགས་ཀྱིས་འཛམ་གླིང་ཧྲིལ་པོའི་འཕེལ་རྒྱས་ཀྱི་གྲོས་འགོ་དང་འཛམ་གླིང་ཧྲིལ་པོའི་བདེ་འཇགས་ཀྱི་གྲོས་འགོ   འཛམ་གླིང་ཧྲིལ་པོའི་དཔལ་ཡོན་གྲོས་འགོ་བཅས་ལ་རྒྱབ་སྐྱོར་བྱེད་པར་བསྔགས་བརྗོད་བྱ་རྒྱུ་ཡིན།  ཕྱོགས་མང་གི་ཚོགས་རར་མཐུན་སྦྱོར་གཞོགས་འདེགས་བྱ་རྒྱུར་ཤུགས་བསྣན་ནས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་བསྐྲུན་རྒྱུར་སྐུལ་འདེད་གཏོང་རྒྱུའི་རེ་བ་བཅངས་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཀྲུང་གོ་དང་ལ་ཏེན་མེ་གླིང་གི་གླེང་སྟེགས་ཀྱི་སྒྲོམ་གཞིའི་འོག་ཏུ་ཧོང་ཏུ་ར་སི་ཕྱོགས་དང་འབྲེལ་གཏུག་མཉམ་ལས་བྱེད་པར་ཤུགས་བསྣན་ནས་ཀྲུང་གོ་དང་ལ་ཏེན་མེ་གླིང་གི་འབྲེལ་བ་དང་དེ་བཞིན་ཀྲུང་གོ་དང་ལ་ཏེན་མེ་གླིང་གི་ཕྱོགས་ཡོངས་ཀྱི་མཉམ་ལས་འཕེལ་རྒྱས་གཏིང་ཟབ་འགྲོ་རྒྱུར་སྐུལ་འདེད་གཏོང་འདོད་ཡོད་ཅེས་གསུངས།

ཀྲའོ་ལི་ཅི་ཡིས་བསྟན་དོན།  ཀྲུང་གོའི་རྒྱལ་ཡོངས་དམངས་ཆེན་གྱིས་ཧོང་ཏུ་ར་སི་རྒྱལ་ཚོགས་དང་གྲོས་མོལ་བརྗེ་རེས་བྱེད་པར་ཤུགས་སྣོན་པ་དང་། ཆབ་སྲིད་ཀྱི་ཐད་ནས་ཕན་ཚུན་ལ་ཡིད་ཆེས་བྱེད་ཚད་ཇེ་བརྟན་དུ་གཏོང་བ། ཀྲུང་གོ་དང་ཧོང་ཏུ་ར་སིའི་བར་འབྲེལ་བ་བཙུགས་པའི་གྲུབ་འབྲས་ལ་མཉམ་དུ་སྲུང་སྐྱོབ་བྱེད་འདོད་ཡོད།  རྒྱལ་ཁབ་གཉིས་ཀྱི་ཁྲིམས་འཛུགས་སྒྲིག་གཞིས་འགན་ནུས་འདོན་སྤེལ་བྱས་ནས་འབྲེལ་ཡོད་བཅའ་ཁྲིམས་ལམ་ལུགས་སྔར་ལས་འཐུས་ཚང་དུ་བཏང་སྟེ། དངུལ་གཏོང་མཉམ་ལས་དང་མི་སྣའི་འགྲོ་འོང་ལ་ཁྲིམས་སྐྱོང་གི་ཁོར་ཡུག་བཟང་པོ་བསྐྲུན་དགོས། དམངས་འཐུས་ཚོགས་ཆེན་གྱི་འཐུས་མི་དང་གྲོས་མིའི་ཆེད་ལས་རང་བཞིན་ཆེ་བ་དང་འབྲེལ་བ་རྒྱ་ཁྱབ་ཡོད་པ་སོགས་ཀྱི་ལེགས་ཆ་ཧུར་ཐག་གིས་འདོན་སྤེལ་བྱས་ནས་རྒྱལ་ཁབ་གཉིས་ཀྱི་བཟོ་ཚོང་ཁེ་ལས་དང་། རིག་གནས་སློབ་གསོའི་ལས་རིགས། གསར་འགྱུར་སྨྱན་སྦྱོར། ན་གཞོན། བུད་མེད་སོགས་ཀྱི་བརྗེ་རེས་དང་འགྲོ་འོང་ཐད་ལ་འབྲེལ་ཟམ་བཙུགས་པ་དང་མཛའ་གྲོགས་ཀྱི་སྟོབས་ཤུགས་སྔར་ལས་མང་བ་གསོག་འཇོག་བྱས་ནས། རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་དམངས་འདོད་ཀྱི་རྨང་གཞི་ཇེ་བརྟན་དུ་བཏང་ཡོད།

ཀྲའོ་ལི་ཅི་ཡིས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཆབ་སྲིད་འཕེལ་རྒྱས་ཀྱི་བགྲོད་ལམ་དང་མི་དམངས་འཐུས་མིའི་ཚོགས་ཆེན་ལམ་ལུགས་ཀྱི་འབྲེལ་ཡོད་གནས་ཚུལ་ངོ་སྤྲོད་གནང་ཞིང་། ཁོང་གིས་ཀྲུང་གོ་ཕྱོགས་ཀྱིས་ཧོང་ཏུ་ར་སི་ཕྱོགས་དང་རྒྱལ་སྲིད་སྐྱོང་ལུགས་ཀྱི་ཉམས་མྱོང་བརྗེ་རེས་ལ་ཤུགས་སྣོན་པ་དང་ཁྲིམས་ལྟར་རྒྱལ་སྐྱོང་དང་། དཔལ་འབྱོར་འཕེལ་རྒྱས། དམངས་ཚིས་ལེགས་བཅོས་སོགས་ཐད་ཀྱི་ཕན་ཡོད་བྱེད་སྟངས་སློབ་སྦྱོང་དང་དཔྱད་གཞིར་འཛིན་འདོད་ཡོད་ཅེས་གསུངས།

ལེ་ཏུང་ཏོ་ཡིས་བསྟན་དོན། ཧོང་ཏུ་ར་སི་དང་ཀྲུང་གོའི་བར་འབྲེལ་བ་བཙུགས་པར་ལོ་རྒྱུས་རང་བཞིན་གྱི་དོན་སྙིང་ལྡན། ཧོང་ཏུ་ར་སིས་ཀྲུང་གོ་གཅིག་གི་རྩ་དོན་བརྩི་སྲུང་ནན་མོ་བྱེད་དགོས། “རྒྱུད་གཅིག་ལམ་གཅིག”སོགས་འཛམ་གླིང་ཧྲིལ་པོའི་གྲོས་འགོ་ནི་ཀྲུང་གོས་མིའི་རིགས་ཀྱི་དཔལ་ཡོན་འཕེལ་རྒྱས་ཆེད་དུ་ཕུལ་བའི་ལེགས་སྐྱེས་གལ་ཆེན་ཞིག་ཡིན་པས། ཧོང་ཏུ་ར་སི་ཕྱོགས་ཀྱིས་བློ་བརྟན་འགྱུར་མེད་ངང་རྒྱབ་སྐྱོར་དང་ཧུར་ཐག་ངང་དེའི་ཁྲོད་ཞུགས་རྒྱུ་ཡིན། ཧོང་ཏུ་ར་སི་རྒྱལ་ཚོགས་ཀྱིས་ཀྲུང་གོའི་རྒྱལ་ཡོངས་དམངས་ཆེན་བར་མཉམ་ལས་བྱ་རྒྱུར་ཤུགས་བསྣན་ཏེ། རྒྱལ་ཁབ་གཉིས་ཀྱི་ཐུན་མོང་དར་རྒྱས་ཀྱི་འོད་ཟེར་ལྡན་པའི་མ་འོངས་པ་བསྐྲུན་ཆེད་ཁྲིམས་འཛུགས་ལས་ཁུངས་ཀྱི་ལེགས་སྐྱེས་འབུལ་འདོད་ཡོད་ཟེར།

གྲོས་མོལ་མཇུག་བསྒྲིལ་རྗེས་ཀྲའོ་ལི་ཅི་དང་ལེ་ཏུང་ཏོ་ཡིས་ཀྲུང་གོའི་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་དང་ཧོང་ཏུ་ར་སི་རྒྱལ་ཚོགས་ཀྱི་མཉམ་ལས་གྲོས་མཐུན་བཀོད།

ཀྲིན་ཅན་པང་གོང་གསལ་གྱི་བྱེད་སྒོར་ཞུགས།