ཏེན་ཞུའེ་ཞང་གིས་སིང་ག་ཕོར་གྱི་ཙུང་ལི་གཞོན་པའི་ཞོར་དུ་ནོར་སྲིད་པུའུ་ཀྲང་གི་འགན་གཅིག་ལྕོགས་སུ་ཁུར་མཁན་ཧོང་ཞུན་ཚའེ་ལ་མཇལ་འཕྲད་གནང་།
2023.12.08 ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས། 25

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན།   རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཏེན་ཞུའེ་ཞང་གིས་ཚེས7ཉིན་ཐེན་ཅིན་དུ་སིང་ག་ཕོར་གྱི་ཙུང་ལི་གཞོན་པའི་ཞོར་དུ་ནོར་སྲིད་པུའུ་ཀྲང་གི་འགན་ཁུར་མཁན་ཧོང་ཞུན་ཚའེ་ལ་མཇལ་འཕྲད་གནང་བར་མ་ཟད།    ཀྲུང་གོ་དང་སིང་ག་ཕོར་ཕྱོགས་གཉིས་ཀྱི་མཉམ་ལས་མཉམ་འབྲེལ་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅུ་དགུ་པ་དང་སུའུ་ཀྲོའུ་བཟོ་ལས་ཁུལ་མཉམ་འབྲེལ་མཐུན་སྦྱོར་ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཚོགས་ཐེངས་ཉེར་བཞི་པ།    ཐེན་ཅིན་སྐྱེ་ཁམས་མཁར་གྱི་མཉམ་འབྲེལ་མཐུན་སྦྱོར་ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཚོགས་ཐེངས་བཅོ་ལྔ་པ་དང་ཀྲུང་གོ་དང་སིང་ག་ཕོར་གྱི་ཁྲུང་ཆིན་གྱི་འཐབ་ཇུས་རང་བཞིན་གྱི་མཉམ་འབྲེལ་མཉམ་མཐུད་དཔེ་སྟོན་ལས་གཞིའི་མཉམ་འབྲེལ་མཐུན་སྦྱོར་ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཚོགས་ཐེངས་བདུན་པ་བཅས་ལ་མཉམ་དུ་འགོ་འཛིན་གནང་།

མཇལ་འཕྲད་གནང་སྐབས།    ཏེན་ཞུའེ་ཞང་གིས་ད་ལོར་ཀྲུང་གོ་དང་སིང་ག་ཕོར་གྱི་འབྲེལ་བའི་འཕེལ་རྒྱས་ལ་དམིགས་བསལ་གྱི་དོན་སྙིང་གལ་ཆེན་ལྡན།     ཀྲུའུ་ཞི་ཞི་ཅིན་ཕིང་དང་ཙུང་ལི་ལིས་ཞན་ལུང་གཉིས་ཀྱིས་ཀྲུང་གོ་དང་སིང་ག་ཕོར་གྱི་འབྲེལ་བ་དེ་ཕྱོགས་ཡོངས་ཀྱི་སྤུས་ཚད་མཐོ་བའི་སྔོན་མཐོང་རང་བཞིན་གྱི་གྲོགས་པོའི་འབྲེལ་བར་མཐོར་འདེགས་བཏང་སྟེ་དུས་རབས་གསར་པའི་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་དང་ཁྱབ་ཁོངས་སོ་སོའི་མཉམ་ལས་འཕེལ་རྒྱས་ལ་འཆར་གཞི་བཀོད།   ཕྱོགས་གཉིས་ཀྱིས་ཀྲུང་གོ་དང་སིང་ག་ཕོར་གྱི་འབྲེལ་བའི་ངེས་གནས་གསར་པར་དམ་དུ་དམིགས་ཏེ་ད་ཡོད་ཀྱི་མཉམ་ལས་ཀྱི་སྤུས་འདེགས་རིམ་སྤོར་ལ་སྐུལ་འདེད་གཏོང་བ་དང་མཉམ་ལས་ཀྱི་འཕར་སྣོན་གསར་པ་མང་པོ་སྔོག་འདོན་བྱས་ཏེ་རྒྱལ་ཁབ་གཉིས་ཀྱི་འགོ་ཁྲིད་པའི་ཐུན་མོང་གི་ངོས་འཛིན་གལ་ཆེན་མཉམ་དུ་དོན་འཁྱོལ་བྱེད་དགོས་ཞེས་བསྟན།

ཧོང་ཞུན་ཚའེ་ཡིས་སིང་ག་ཕོར་དང་ཀྲུང་གོའི་འབྲེལ་བའི་འཕེལ་རྒྱས་གནས་བབ་ཧ་ཅང་བཟང་།   སིང་ག་ཕོར་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ།  རིམ་པ་སོ་སོའི་བརྗེ་རེས་སྔར་ལས་དམ་ཟབ་ཏུ་གཏོང་བ་དང་།    འཕེལ་རྒྱས་འཐབ་ཇུས་སྦྲེལ་མཐུད་གཏིང་ཟབ་བྱེད་པ།    སིང་ག་ཕོར་དང་ཀྲུང་གོ་ཕྱོགས་གཉིས་ཀྱི་མཉམ་ལས་ནང་རྐྱེན་གྱི་བྱེད་ནུས་འདོན་སྤེལ་གང་ལེགས་བྱེད་པ་བཅས་བྱས་ཏེ་རྒྱལ་ཁབ་གཉིས་ཀྱི་འབྲེལ་བར་འཕེལ་རྒྱས་གསར་པ་འབྱུང་བར་སྐུལ་འདེད་གཏོང་དགོས་ཞེས་བསྟན།

ཉིན་དེར།   ཏེན་ཞུའེ་ཞང་དང་ཧོང་ཞུན་ཚའེ་གཉིས་ཀྱིས་ཕྱོགས་གཉིས་ཀྱི་མཉམ་ལས་ནང་རྐྱེན་གྱི་གྲོས་ཚོགས་བཞི་ལ་མཉམ་དུ་འགོ་འཛིན་གནང་བ་དང་།    ཀྲུང་གོ་དང་སིང་ག་ཕོར་གྱི་དངོས་གཉེར་མཉམ་ལས་ཀྱི་འཕེལ་རིམ་གནས་ཚུལ་ཕྱོགས་ཡོངས་ནས་ལེགས་སྒྲིག་སྤྱི་སྡོམ་བྱས་ལ།    དུས་རིམ་རྗེས་མའི་མཉམ་ལས་ཁ་ཕྱོགས་དང་གཙོ་གནད་ལ་འཆར་འགོད་གནང་།    ཕྱོགས་གཉིས་ཀ་སྤུས་ཚད་མཐོན་པོས་རྒྱུད་གཅིག་ལམ་གཅིག་མཉམ་འཛུགས་དང་མཉམ་ལས་ལས་གཞི་གཙོ་བོ་རིམ་སྤོར་བྱེད་པ།     གཞི་གྲངས་དཔལ་འབྱོར་དང་རྒྱ་མཚོའི་ནུས་པ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་རྒྱ་བསྐྱེད་དེ་སྣ་མང་མཉམ་སྒུལ་གྱི་མི་གཞུང་བརྗེ་རེས་རྣམ་པ་བསྐྲུན་རྒྱུར་འཐད་པ་བྱུང་།

མཇལ་འཕྲད་རྗེས་སུ།    ཏེན་ཞུའེ་ཞང་དང་ཧོང་ཞོན་ཚའེ་གཉིས་ཀྱིས་ཀྲུང་གོ་དང་སིང་ག་ཕོར་གྱི་མཉམ་ལས་གྲུབ་འབྲས་འགྲེམ་སྟོན་ལ་བདེན་དཔང་གནང་།    ཕྱོགས་གཉིས་ཀྱིས་རང་དབང་ཉོ་ཚོང་གྲོས་ཆོད་རིམ་སྤོར་བྱེད་པའི་ཆོད་ཡིག་དང་ཉིན་སུམ་ཅུའི་ལམ་ཡིག་མེད་པར་བྱེད་པ་སོགས་ཀྱི་གྲུབ་འབྲས་ཉེར་བཞིར་འཐད་པ་བྱུང་བ་ཁྱབ་བསྒྲགས་གནང་།

ཏེན་ཞུའེ་ཞང་དང་ཧོང་ཞུན་ཚའེ་གཉིས་ཀྱིས་ད་རུང་ཀྲུང་གོ་དང་སིང་ག་ཕོར་གྱི་སྐྱེ་ཁམས་མཁར་གྱི་ལོ་འཁོར་བཅོ་ལྔའི་གྲུབ་འབྲས་འགྲེམ་སྟོན་ལ་ལྟ་སྐོར་གནང་བ་དང་།   ཀྲུང་གོ་དང་སིང་ག་ཕོར་གྱི་མཛའ་བརྩེའི་སྡོང་བོ་བཙུགས་པར་མ་ཟད།    ཀྲུང་གོ་དང་སིང་ག་ཕོར་གྱི་ཐེན་ཅིན་སྐྱེ་ཁམས་མཁར་གྱི་གྲོང་ཁྱེར་ལྟེ་གནས་ཀྱི་ལྗང་སྒྱུར་ར་བའི་རྨང་འདིང་མཛད་སྒོར་ཞུགས།

ཁྲིན་མེན་ཨར་གོང་གི་བྱ་འགུལ་ལ་ཞུགས།  

ལྷ་མོ་ཚེ་རིང་གིས་བསྒྱུར།