ཞི་ཅིན་ཕིང་གིས་མགོ་འཛིན་གནང་ནས་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་གྲོས་ཚོགས་བསྡུས།
2023.12.09 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 30

ཟླ12པའི་ཚེས8ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡིས་གྲོས་ཚོགས་བསྡུས་ཏེ། 2024ལོའི་དཔལ་འབྱོར་བྱ་བར་དབྱེ་ཞིབ་དང་ཞིབ་འཇུག་བྱས་པ་དང་། ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་དང་རྒྱལ་ཁབ་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུར་གསན་ལ། 2024ལོའི་ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་བྱ་བར་ཞིབ་འཇུག་དང་བཀོད་སྒྲིག་བྱས་པར་མ་ཟད། 《ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཁྲིམས་ཆད་གཅོད་སྲོལ་ཡིག》ལ་གྲོས་ཞིབ་བྱས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚོགས་འདུར་མགོ་འཛིན་གནང་།

གྲོས་ཚོགས་ལས་ད་ལོ་ནི་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་བྱེད་མགོ་བརྩམས་པའི་ལོ་ཞིག་དང་། ལོ་ངོ་གསུམ་རིང་གི་པྲོག་གསར་རིམས་ནད་ཀྱི་འགོག་སྡོམ་གྱི་དུས་རིམ་འགྱུར་རྗེས་དཔལ་འབྱོར་སླར་གསོ་དང་འཕེལ་རྒྱས་བཏང་བའི་ལོ་ཞིག་ཡིན།  བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་ཏང་ཡོངས་དང་རྒྱལ་ཡོངས་རིགས་སོ་སོའི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ། ཕྱིའི་གནོན་ཤུགས་ཐེག་ཐུབ་པར་བྱེད་པ་དང་ནང་ཁུལ་གྱི་དཀའ་ཁག་རིམ་པར་སེལ་བ། ནང་མཁོ་རྒྱ་སྐྱེད་དང་གྲུབ་ཚུལ་ལེགས་སྒྱུར། ཡིད་ཆེས་འཕེལ་བར་བྱེད་པ། ཉེན་ཁ་འགོག་ཟོན་བཅས་ལ་ཤུགས་བསྣན་པས། རང་རྒྱལ་གྱི་དཔལ་འབྱོར་སླར་གསོའི་རྣམ་པ་ལེགས་ཕྱོགས་སུ་འཕེལ་བ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ནན་མོ་བཏང་ལ། དེང་རབས་ཅན་གྱི་ཐོན་ལས་མ་ལག་འཛུགས་སྐྲུན་ལ་འཕེལ་རྒྱས་ཆེན་པོ་བྱུང་བར་མ་ཟད། ཚན་རྩལ་གསར་གཏོད་ལ་ཐོད་བརྒལ་གསར་པ་བྱུང་ཞིང་། བཅོས་སྒྱུར་སྒོ་འབྱེད་གཏིང་ཟབ་ཏུ་སྤེལ་བ་དང་། བདེ་འཇགས་འཕེལ་རྒྱས་ཀྱི་རྨང་གཞི་སྔར་ལས་སྲ་བརྟན་དུ་བཏང་བ་ལས་གཞན། དམངས་ཚིས་ལ་འགན་སྲུང་བྱས་པ་ཕན་འབྲས་ལྡན་ཞིང་ཤུགས་དང་ལྡན་པ་དང་། ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་ཐད་གོམ་སྟབས་བརྟན་པོ་སྤོས་ཡོད་པར་ངོས་འཛིན་བྱས།

གྲོས་ཚོགས་ལས་ནན་གྱིས་བསྟན་དོན། སང་ལོའི་དཔལ་འབྱོར་བྱ་བ་ཡག་པོ་སྒྲུབ་པར་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་འཛིན་རྒྱུ་དང་། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པའི་དགོངས་དོན་ཁྱོན་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་པ། བརྟན་ཐོག་ཡར་འཕེལ་གྱི་བྱ་བའི་སྤྱིའི་དགོངས་གཞི་རྒྱུན་འཁྱོངས་བྱེད་པ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཁྱོན་ཡོངས་ནས་ལག་བསྟར་བྱེད་པ། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གང་མགྱོགས་ངང་བསྐྲུན་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གང་ལེགས་གཏོང་བ། བཅོས་སྒྱུར་སྒོ་འབྱེད་ཕྱོགས་ཡོངས་ནས་གཏིང་ཟབ་ཏུ་སྤེལ་བ། ཆུ་ཚད་མཐོ་བའི་ཚན་རྩལ་རང་སྟོབས་རང་སྤེལ་ལ་སྐུལ་འདེད་གཏོང་བ། སྤྱི་ཁོག་སྙོམས་སྒྲིག་བྱེད་ཤུགས་ཆེ་རུ་གཏོང་བ། ནང་མཁོ་དང་འདོན་སྤྲོད་ཕྱོགས་ཀྱི་སྒྲིག་གཞི་རང་བཞིན་གྱི་བཅོས་སྒྱུར་གཏིང་ཟབ་ཏུ་གཏོང་བ། གྲོང་ཁྱེར་དང་གྲོང་རྡལ་ཅན་གསར་པ་དང་གྲོང་གསེབ་ཕྱོགས་ཡོངས་ནས་དར་སྤེལ་གཏོང་བར་གཅིག་གྱུར་གྱིས་འཆར་འགོད་བྱེད་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་ཆུ་ཚད་མཐོ་བའི་བདེ་འཇགས་ལ་གཅིག་གྱུར་གྱིས་འཆར་འགོད་བྱེད་པ། དཔལ་འབྱོར་གྱི་གསོན་ཤུགས་མངོན་སུམ་གྱིས་ཆེ་རུ་གཏོང་བ། ཉེན་ཁ་འགོག་ཟོན་བྱེད་པ། སྤྱི་ཚོགས་ཀྱི་སྔོན་དཔག་ཇེ་ལེགས་སུ་གཏོང་བ། དཔལ་འབྱོར་སླར་གསོ་ལེགས་ཕྱོགས་སུ་འཕེལ་བའི་རྣམ་པ་སྔར་ལས་སྲ་བརྟན་དང་སྟོབས་ལྡན་དུ་གཏོང་བ། དཔལ་འབྱོར་གྱི་སྤུས་ཚད་དང་གྲངས་འབོར་གཉིས་ཆ་ནས་ལུགས་མཐུན་ངང་འཕར་བར་མུ་མཐུད་སྐུལ་འདེད་གཏོང་བ། དམངས་ཚིས་བདེ་སྐྱིད་ཆེ་རུ་གཏོང་བ། སྤྱི་ཚོགས་བརྟན་བརླིང་རྒྱུན་འཁྱོངས་བྱེད་པ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་རླབས་ཆེན་ལས་དོན་སྤེལ་རྒྱུར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ་བཅས་བྱེད་དགོས།

གྲོས་ཚོགས་ལས་བསྟན་དོན། སང་ལོར་བརྟན་ཐོག་ཡར་འཕེལ་དང་འཕེལ་རྒྱས་ལ་བརྟེན་ནས་བརྟན་བརླིང་ལ་སྐུལ་འདེད་གཏོང་བ། སྔོན་ལ་འཛུགས་པ་དང་རྗེས་སུ་གཏོར་བ། སྤྱི་ཁོག་སྲིད་ཇུས་ཀྱི་དུས་འཁོར་ལས་ལྡོག་པ་དང་དུས་འཁོར་ལས་བརྒལ་བའི་མཐུན་སྦྱོར་ལ་ཤུགས་སྣོན་པ། དགེ་མཚན་ལྡན་པའི་ནོར་སྲིད་སྲིད་ཇུས་དང་བརྟན་བརླིང་གི་དངུལ་ལོར་སྲིད་ཇུས་མུ་མཐུད་ལག་བསྟར་བཅས་བྱེད་དགོས། དགེ་མཚན་ལྡན་པའི་ནོར་སྲིད་ཀྱི་སྲིད་ཇུས་ལ་ཤུགས་སྣོན་འོས་འཚམ་རྒྱག་པ་དང་། སྤུས་ཚད་དང་ཕན་འབྲས་ཆེ་རུ་གཏོང་བ། བརྟན་ཞིང་བདེ་ཐང་གི་དངུལ་ལོར་སྲིད་ཇུས་གང་ལ་གང་འཚམ་ངང་སྤྱོད་པ་དང་དེར་ཕན་འབྲས་ཐོན་པར་བྱེད་དགོས། སྤྱི་ཁོག་སྲིད་ཇུས་ཀྱི་ལག་ལེན་གཅིག་མཐུན་ཡོང་ཤུགས་སྔར་ལས་ཆེ་རུ་གཏོང་བ་དང་། དཔལ་འབྱོར་དྲིལ་སྒྲོག་དང་གླེང་ཕྱོགས་ཀྱི་ཁྲིད་སྟོན་བྱེད་ཤུགས་ཆེ་རུ་གཏོང་དགོས། ཚན་རྩལ་གསར་གཏོད་ལ་བརྟེན་ནས་དེང་རབས་ཅན་གྱི་ཐོན་ལས་མ་ལག་འཛུགས་སྐྲུན་ལ་ཁྲིད་སྟོན་བྱས་ཏེ། ཐོན་ལས་ཕྲེང་འབྲེལ་གྱི་མཉེན་གཤིས་དང་བདེ་འཇགས་ཆུ་ཚད་སྔར་ལས་ཇེ་མཐོར་གཏོང་དགོས། རྒྱལ་ནང་གི་དགོས་མཁོ་རྒྱ་སྐྱེད་གཏོང་བར་ཤུགས་སྣོན་པ་དང་། འཛད་སྤྱོད་དང་དངུལ་གཏོང་གི་འཁོར་རྒྱུག་བཟང་པོ་གྲུབ་པར་བྱེད་དགོས། གཙོ་གནད་ཁྱབ་ཁོངས་ཀྱི་བཅོས་སྒྱུར་གཏིང་ཟབ་ཏུ་བཏང་ནས། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྒུལ་ཤུགས་ཆེན་པོ་ཟམ་མི་ཆད་པར་སྣོན་དགོས། ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སུ་སྒོ་མོ་འབྱེད་རྒྱ་སྔར་ལས་ཆེ་རུ་བཏང་སྟེ། ཕྱི་ཕྱོགས་ཚོང་དོན་དང་ཕྱི་ཕྱོགས་མ་དངུལ་གྱི་གཞི་རྩའི་ཚད་གཞི་སྔར་ལས་ཇེ་བརྟན་དུ་གཏོང་དགོས། རྒྱུན་མཐུད་ནུས་ལྡན་ངང་གཙོ་གནད་ཁྱབ་ཁོངས་ཀྱི་ཉེན་ཁ་འགོག་སེལ་བྱས་ནས། མ་ལག་རང་བཞིན་གྱི་ཉེན་ཁ་མི་འབྱུང་བའི་ཚད་མཐའ་མཐའ་གཅིག་ཏུ་བསྲུང་དགོས། “ཞིང་གསུམ”བྱ་བ་རྒྱུན་འཁྱོངས་ལྷོད་མེད་སྒོས་དམ་འཛིན་ལེགས་པོ་བྱས་ཏེ། གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་དང་ས་ཁོངས་མཐུན་སྦྱོར་ངང་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་དགོས། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་དང་ལྗང་མདོག་ཐཱན་ཉུང་འཕེལ་རྒྱས་ལ་སྐུལ་འདེད་གཏིང་ཟབ་བཏང་ནས། མཛེས་སྡུག་ལྡན་པའི་ཀྲུང་གོ་འཛུགས་སྐྲུན་བྱེད་ཚད་སྔར་ལས་ཇེ་མགྱོགས་སུ་གཏོང་དགོས། རང་ནུས་ཅི་ལྕོགས་ཀྱིས་བྱ་བ་སྒྲུབ་རྒྱུ་རྒྱུན་འཁྱོངས་བྱས་ནས། དམངས་ཚིས་འགན་སྲུང་དང་ལེགས་བཅོས་ཀྱི་ལས་དོན་ཏན་ཏིག་ངང་སྤེལ་དགོས།

གྲོས་ཚོགས་ལས་ནན་གྱིས་བསྟན་དོན། ཏང་གི་ཕྱོགས་ཡོངས་ཀྱི་མགོ་ཁྲིད་རྒྱུན་འཁྱོངས་དང་དེར་ཤུགས་སྣོན་པ་དང་། དཔལ་འབྱོར་ལས་དོན་ཐད་ཀྱི་ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་གལ་ཆེན་སྤུས་ཚད་མཐོ་བའི་ངང་ནས་དོན་འཁྱོལ་བྱེད་དགོས། ལུགས་རྙིང་དང་ལུགས་གསར་ལོ་སར་སྐབས་ཀྱི་དམངས་ཚིས་ཚོང་ཟོག་གལ་ཆེན་གྱི་མཁོ་འདོན་འགན་ལེན་དང་རིན་གོང་བརྟན་པོ་ཡོང་བར་བྱས་ནས། ཞིང་པ་ཞོར་ལས་པར་ཟླ་ཕོགས་འདང་ངེས་སྟེར་ཐུབ་པར་འགན་ལེན་བྱེད་རྒྱུ་དང་། དཀའ་ཁག་ཡོད་པའི་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བར་སེམས་ཁུར་བྱེད་པ། བདེ་འཇགས་ཐོན་སྐྱེད་ཀྱི་འགན་འཁྲིའི་ལམ་ལུགས་དོན་འཁྱོལ་ནན་མོ་བྱེད་པ། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་དང་ལུས་ཕུང་བདེ་ཐང་ལ་སྲུང་སྐྱོབ་ཡག་པོ་བཅས་བྱེད་དགོས།

གྲོས་ཚོགས་ལས་བསྟན་དོན། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་འཚོགས་པའི་ཚུན་ལ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མགོ་ཁྲིད་བརྟན་པོའི་འོག་ཏུ། ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་དང་རྒྱལ་ཁབ་ལྟ་ཞིབ་ཨུ་ཡོན་ལྷན་ཁང་དང་རིམ་པ་སོ་སོའི་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་སློབ་གསོ་དང་། རྒྱལ་ཡོངས་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ལས་བྱེད་པའི་དཔུང་སྡེ་ཡི་སློབ་གསོ་དག་ཐེར་ཏན་ཏིག་ངང་སྤེལ་ནས། ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ལ་སྐུལ་འདེད་ནན་མོ་བཏང་སྟེ། ཕྱོགས་ཡོངས་ནས་ཏང་ནན་མོར་སྐྱོང་བའི་མ་ལག་སྔར་ལས་འཐུས་ཚང་དུ་གཏོང་རྒྱུར་རྒྱུན་མཐུད་ངང་སྐུལ་འདེད་བཏང་བ་དང་། དོ་དམ་ནན་མོ་དང་ནན་སྐྱོང་ལ་བརྟེན་ནས་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ཀྱི་དཔུང་སྡེ་བརྟན་པོ་བསྐྲུན་པར་མ་ཟད། སྒྲིག་ཁྲིམས་ལྟ་ཞིབ་ལས་དོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་འཕེལ་རིམ་གསར་པ་དང་ཕན་འབྲས་གསར་པ་ཐོབ་ཡོད།

གྲོས་ཚོགས་ལས་ནན་གྱིས་བསྟན་དོན། སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་དང་ལག་བསྟར་ནན་མོ་བྱས་ཏེ། བློ་བརྟན་འགྱུར་མེད་ངང་ཕྱོགས་ཡོངས་ནས་ཏང་ནན་མོར་སྐྱོང་བར་སྐུལ་འདེད་གཏོང་བ་དང་། སྤྱོད་ཚུལ་ཇེ་ལེགས་སུ་གཏོང་བ་དང་སྒྲིག་ཁྲིམས་ཇེ་དམ་དུ་བཏང་ནས། རུལ་སུངས་ལ་ངོ་རྒོལ་བྱེད་པའི་བྱ་བ་མུ་མཐུད་ཟབ་སྤེལ་བྱེད་དགོས། ཆབ་སྲིད་ཀྱི་ལྟ་སྐུལ་ལ་ཤུགས་བསྣན་ནས། ཏང་ཡོངས་ཀྱིས“གཏན་ཕབ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་ཟབ་མོ་ལེན་པ་དང་། “སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་སྒྲུབ་ནས། བློ་བརྟན་འགྱུར་མེད་ངང་ཏང་གི་མཐུན་སྒྲིལ་དང་གཅིག་གྱུར་ལ་སྲུང་སྐྱོབ་ནུས་ལྡན་བྱེད་དགོས། རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ལ་མུ་མཐུད་སྐུལ་འདེད་ནན་མོ་བཏང་ནས། མངོན་གསལ་ཅན་གྱི་ལས་རིགས་རང་བཞིན་དང་མ་ལག་རང་བཞིན། ས་ཁོངས་རང་བཞིན་བཅས་ཀྱི་རུལ་སུངས་གནད་དོན་ལ་ཆེད་དོན་བཅོས་སྒྲིག་བྱས་ཏེ། མང་ཚོགས་ཉེ་འགྲམ་གྱི་རུལ་སུངས་གནད་དོན་ལ་ཞིབ་བཤེར་ཐག་གཅོད་ནན་མོ་བྱས་ནས། ལྐོག་རྔན་ལེན་པ་དང་དེ་འབྲེལ་གྱི་སྤྱོད་ངན་ལ་ཞིབ་བཤེར་ནན་མོ་བྱས་ཏེ། གནད་དོན་གྱི་འབྱུང་རྩ་ནས་བཅོས་སྒྲིག་བྱེད་རྒྱུ་དང་། དུས་རབས་གསར་པའི་སྤྱོད་གཙང་གི་རིག་གནས་འཛུགས་སྐྲུན་ལ་ཤུགས་བསྣན་ནས། རུལ་སུངས་ཐོན་སའི་ཆ་རྐྱེན་ཅི་རིགས་མེད་པར་བཟོ་དགོས། “སྤྱོད་ངན་བཞི”བཅོས་སྐྱོང་བྱེད་ཤུགས་སྔར་ལས་ཆེ་རུ་བཏང་ནས། ལྟ་སྐུལ་ཞིབ་བཤེར་ལ་ཤུགས་སྣོན་པ་དང་སྒྲིག་ཁྲིམས་ལག་བསྟར་ནན་མོ་བྱེད་དགོས། སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ཀྱི་ཆེད་འགན་འཁུར་བའི་ལྟ་སྐུལ་དང་ལྟ་སྐུལ་གཞན་དག་གི་འབྲེལ་མཐུད་མཐུན་སྦྱོར་ལ་ཤུགས་བསྣན་ནས། ལྟ་སྐུལ་གྱིས་གནད་ཡོངས་ཁེབས་པའི་ཕན་ནུས་ཆེ་རུ་གཏོང་དགོས། རང་ངོས་གསར་བརྗེའི་སྙིང་སྟོབས་ལ་བརྟེན་ནས་བྱང་ཚད་མཐོ་ལ་ཆེད་ལས་ཅན་གྱི་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་དཔུང་སྡེ་ཞིག་བསྐྲུན་ཏེ། རང་གིས་རང་ལ་གསར་བརྗེ་བྱེད་པའི་མིག་དཔེ་དང་སྒྲིག་བཀུར་ཁྲིམས་སྲུང་གི་ཚད་ཤིང་ཞིག་ཏུ་འགྱུར་བར་འབད་འབུངས་བྱེད་དགོས།

འདིའི་སྔོན་ལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུར་མགོ་འཛིན་གནང་ནས། ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་དང་རྒྱལ་ཁབ་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གི2023ལོའི་བྱ་བའི་གནས་ཚུལ་དང་། ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་སྐབས་ཉི་ཤུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་གྲ་སྒྲིག་གནས་ཚུལ་གྱི་སྙན་ཞུར་གསན།

ཚོགས་ཐོག་ནས་སང་ལོའི་ཟླ་དང་པོའི་ཚེས8ཉིན་ནས་ཚེས10ཉིན་བར། ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་སྐབས་ཉི་ཤུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་འཚོགས་རྒྱུར་མོས་མཐུན་བྱུང་།

གྲོས་ཚོགས་ལས་བསྟན་དོན། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་འཚོགས་པའི་ཚུན་ལ། རང་རེའི་ཏང་གིས《ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཁྲིམས་ཆད་གཅོད་སྲོལ་ཡིག》ལ་སྔ་རྗེས་སུ་བཟོ་བཅོས་ཐེངས་གསུམ་བརྒྱབ་དོན་ནི། ནན་མོའི་བྱེད་ཕྱོགས་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་བྱས་ཏེ། ཏང་གི་སྒྲིག་ཁྲིམས་འཛུགས་སྐྲུན་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་པ་དང་། འབྲེལ་ཐག་ཧྲིལ་པོ་དང་དུས་འཁོར་ཧྲིལ་པོས་ཁྱོན་ཡོངས་ཁེབས་པར་མུ་མཐུད་ཤུགས་སྣོན་པ། རང་ངོས་བབ་གཙང་དང་རང་ངོས་འཐུས་ཚང་། རང་ངོས་གསར་སྒྱུར། རང་ངོས་མཐོར་གཏོང་བཅས་ཀྱི་ནུས་པ་ཟམ་མི་ཆད་པར་ཆེ་རུ་གཏོང་ཆེད་ཡིན།

གྲོས་ཚོགས་ལས་ནན་གྱིས་བསྟན་དོན། ཆབ་སྲིད་ཀྱི་སྒྲིག་ཁྲིམས་དང་ཆབ་སྲིད་ཀྱི་སྒྲིག་ལམ་སྔར་ལས་ཇེ་དམ་དུ་བཏང་ནས། སྒྲིག་ཁྲིམས་སྣ་ཚོགས་ཕྱོགས་ཡོངས་ནས་ཇེ་དམ་དུ་གཏོང་རྒྱུར་སྣེ་ཁྲིད་བྱེད་དགོས། ཏང་གཤིས་དང་ཏང་སྲོལ་ཏང་ཁྲིམས་བཅས་མཉམ་འཛིན་རྒྱུན་འཁྱོངས་བྱས་ཏེ། སྒྲིག་ཁྲིམས་ཀྱི་སློབ་གསོ་རྒྱུན་རྣམ་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་རྒྱུ་དང་།《སྲོལ་ཡིག》དྲིལ་སྒྲོག་བྱེད་ཤུགས་དང་སློབ་གསོ་གཏོང་ཤུགས་མངོན་སུམ་གྱིས་ཇེ་དྲག་ཏུ་བཏང་ནས། རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པར་སྒྲིག་ཁྲིམས་སློབ་སྦྱོང་དང་སྒྲིག་ཁྲིམས་ཤེས་རྟོགས། སྒྲིག་ཁྲིམས་གསལ་རྟོགས། སྒྲིག་ཁྲིམས་སྲུང་བ་བཅས་ཀྱི་ཐད་ཁྲིད་སྟོན་གང་ལེགས་བྱེད་དགོས། སྒྲིག་ཁྲིམས་སྔོན་ལ་འཛིན་རྒྱུ་རྒྱུན་འཁྱོངས་བྱས་ཏེ། 《སྲོལ་ཡིག》ལག་བསྟར་དོན་འཁྱོལ་བྱ་རྒྱུ་དམ་འཛིན་ཡག་པོ་བྱེད་པ་དང་། སྒྲིག་ཁྲིམས་ལག་བསྟར་དང་ཁྲིམས་འཛིན་སྦྲེལ་མཐུད་ལ་སྐུལ་འདེད་གཏོང་བ། སྒྲིག་ཁྲིམས་ཀྱི་འགྱུར་མེད་རང་བཞིན་དང་གཟབ་ནན་རང་བཞིན་ལ་སྲུང་སྐྱོབ་ནན་མོ་བཅས་བྱེད་དགོས། “རྣམ་པ་རིགས་བཞི”ཡང་དག་པར་སྤྱོད་པ་དང་། “དབྱེ་འབྱེད་གསུམ”དོན་འཁྱོལ་བྱས་ཏེ། དོ་དམ་ལྟ་སྐུལ་ནན་མོ་དང་འགན་འཁྲི་འཁུར་བར་སྐུལ་མ་གཏོང་རྒྱུ་གཉིས་ཟུང་འབྲེལ་བྱས་ཏེ། ཏང་ཡོངས་ཀྱི་གསར་སྐྲུན་བྱེད་ནུས་དང་གོང་བུར་འགྲིལ་ཤུགས། འཐབ་འཛིང་བྱེད་ནུས་བཅས་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས།

བན་དེ་སྐྱབས་ཀྱིས་བསྒྱུར།