ཞི་ཅིན་ཕིང་གིས་མགོ་འཛིན་གནང་ནས་ཀྲུང་གུང་ཀྲུང་དབྱང་གི་ཏང་ཕྱིའི་མི་སྣའི་བཞུགས་མོལ་ཚོགས་འདུ་བསྡུས།
2023.12.09 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 36

ཟླ12པའི་ཚེས6ཉིན། ཀྲུང་གུང་ཀྲུང་དབྱང་གིས་ཀྲུང་ནན་ཧེ་རུ་ཏང་ཕྱིའི་མི་སྣའི་བཞུགས་མོལ་ཚོགས་འདུ་བསྡུས་ནས། ད་ལོའི་དཔལ་འབྱོར་གནས་བབ་དང་སང་ལོའི་དཔལ་འབྱོར་བྱ་བའི་ཐད་དམངས་གཙོའི་ཏང་ཁག་སོ་སོའི་ཀྲུང་དབྱང་དང་རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་འགན་འཁུར་བ་དང་། ཏང་ཁག་གང་ལའང་མི་གཏོགས་པའི་མི་སྣ་བཅས་ཀྱི་འཐུས་མིའི་བསམ་འཆར་དང་གྲོས་གཞིར་ཉན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བཞུགས་མོལ་ཚོགས་འདུར་མགོ་འཛིན་མཛད་དེ་གསུང་བཤད་གལ་ཆེན་གནང་། ཁོང་གིས་སང་ལོ་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ75འཁོར་བ་དང་། “ལོ་ལྔའི་འཆར་གཞི་བཅུ་བཞི་པའི”འཆར་འགོད་དངོས་སུ་ལག་བསྟར་བྱེད་པའི་གནད་འགག་གི་ལོ་ཞིག་ཡིན། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་བཟུང་ནས། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་པ་དང་། བརྟན་ཐོག་ཡར་འཕེལ་གྱི་བྱ་བའི་སྤྱིའི་དགོངས་གཞི་རྒྱུན་འཁྱོངས་བྱེད་པ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གང་མགྱོགས་ངང་བསྐྲུན་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ནན་མོ་གཏོང་བ། བཅོས་སྒྱུར་སྒོ་འབྱེད་ཕྱོགས་ཡོངས་ནས་གཏིང་ཟབ་ཏུ་སྤེལ་བ། ཆུ་ཚད་མཐོ་བའི་ཚན་རྩལ་རང་སྟོབས་རང་སྤེལ་ལ་སྐུལ་འདེད་གཏོང་བ། སྤྱི་ཁོག་སྙོམས་སྒྲིག་བྱེད་ཤུགས་ཆེ་རུ་གཏོང་བ། ནང་མཁོ་རྒྱ་སྐྱེད་དང་འདོན་སྤྲོད་ཕྱོགས་ཀྱི་སྒྲིག་གཞི་རང་བཞིན་གྱི་བཅོས་སྒྱུར་གཏིང་ཟབ་ཏུ་གཏོང་བ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་རྣམ་པ་གསར་པ་ཕྱོགས་ཡོངས་ནས་དར་རྒྱས་གཏོང་བར་སྤྱི་འདོམས་བྱེད་པ། དཔལ་འབྱོར་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། དཔལ་འབྱོར་གྱི་གསོན་ཤུགས་ཆེ་རུ་འཕེལ་བར་བྱེད་པ། ཉེན་ཁ་སྔོན་འགོག་བྱེད་པ། སྤྱི་ཚོགས་ཀྱི་སྔོན་དཔག་སྔར་ལས་ཇེ་ལེགས་སུ་གཏོང་བ་བཅས་བྱས་ནས། དཔལ་འབྱོར་སླར་གསོ་ལེགས་ཕྱོགས་སུ་འཕེལ་བའི་རྣམ་པ་སྲ་བརྟན་དང་ཤུགས་ཆེར་གཏོང་བ་དང་། དཔལ་འབྱོར་གྱི་སྤུས་ཚད་ནུས་ལྡན་ངང་མཐོ་རུ་གཏོང་བ་དང་གྲངས་འབོར་ལུགས་མཐུན་ངང་འཕར་རྒྱུར་རྒྱུན་མཐུད་ངང་སྐུལ་འདེད་གཏོང་བ། དམངས་ཚིས་བདེ་སྐྱིད་ཆེ་རུ་གཏོང་བ། སྤྱི་ཚོགས་བརྟན་བརླིང་རྒྱུན་འཁྱོངས་བཅས་བྱས་ནས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་རླབས་ཆེན་བྱ་གཞག་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་དགོས་ཞེས་ནན་གྱིས་གསུངས།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན་ལིས་ཆང་དང་ཝང་ཧུའུ་ཉིང་། ཚའེ་ཆི། ཏེན་ཞུའེ་ཞང་བཅས་བཞུགས་མོལ་ཚོགས་འདུར་ཞུགས། ལིས་ཆང་གིས་ཀྲུང་གུང་ཀྲུང་དབྱང་གི་མངགས་བཅོལ་ལྟར་ད་ལོའི་དཔལ་འབྱོར་བྱ་བའི་འབྲེལ་ཡོད་གནས་ཚུལ་ཁྱབ་སྒྲོག་གནང་བ་དང་། སང་ལོའི་དཔལ་འབྱོར་བྱ་བའི་སྐོར་གྱི་འབྲེལ་ཡོད་བསམ་གཞིག་ངོ་སྤྲོད་གནང་།

བཞུགས་མོལ་ཚོགས་འདུའི་སྟེང་དུ། ཀྲུང་གོ་གོ་མིན་ཏང་གསར་བརྗེ་ཨུ་ཡོན་ལྷན་ཁང་ཀྲུང་དབྱང་གི་ཀྲུའུ་ཞི་ཀྲིན་ཅན་པང་དང་། ཀྲུང་གོ་དམངས་གཙོ་མནའ་མཐུན་ཀྲུང་དབྱང་གི་ཀྲུའུ་ཞི་ཏེན་ཀྲུང་ལིས། ཀྲུང་གོ་དམངས་གཙོ་ཡར་སྐུལ་ལྷན་ཚོགས་ཀྲུང་དབྱང་གི་ཀྲུའུ་ཞི་ཧའོ་མེན་ཅིན། ཀྲུང་གོ་དམངས་གཙོ་ཡར་སྐུལ་ཚོགས་པ་ཀྲུང་དབྱང་གི་ཀྲུའུ་ཞི་ཚའེ་ཏཱ་ཧྥུན། ཀྲུང་གོ་བཟོ་ཞིང་ཏང་ཀྲུང་དབྱང་གི་ཀྲུའུ་ཞི་ཧི་ཝེ། ཀྲི་ཀུང་ཏང་ཀྲུང་དབྱང་གི་ཀྲུའུ་ཞི་ཅང་ཙོ་ཅུན། དགུ་གསུམ་སློབ་ཚོགས་ཀྲུང་དབྱང་གི་ཀྲུའུ་ཞི་ཝུའུ་ཝེ་ཧྭ། ཐའེ་ཝན་དམངས་གཙོ་རང་སྐྱོང་མནའ་མཐུན་ཀྲུང་དབྱང་གི་ཀྲུའུ་ཞི་སུའུ་ཧོས། རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཀའོ་ཡུན་ལུང་། ཏང་ཁག་གང་ལའང་མི་གཏོགས་པའི་མི་སྣའི་འཐུས་མི་ལིག་ཝེ་ཏུང་བཅས་ཀྱིས་སྔ་རྗེས་སུ་གཏམ་བཤད། ཁོ་ཚོས་ཀྲུང་གུང་ཀྲུང་དབྱང་གིས་མིག་སྔའི་རང་རྒྱལ་གྱི་དཔལ་འབྱོར་གནས་བབ་ལ་དབྱེ་ཞིབ་དང་བརྡར་ཤ་བཅད་པ་དང་། སང་ལོའི་དཔལ་འབྱོར་བྱ་བར་ཇུས་འགོད་དང་བསམ་གཞིག་གནང་བར་མོས་མཐུན་མཐའ་གཅིག་ཏུ་བྱས་པར་མ་ཟད། ཕྱི་ཕྱོགས་དཔལ་འབྱོར་ཚོང་དོན་མཉམ་ལས་གཏིང་ཟབ་ཏུ་གཏོང་བ་དང་། དགེ་མཚན་ལྡན་པའི་ནོར་སྲིད་སྲིད་ཇུས་ལག་བསྟར་བྱེད་པ། དྲང་གཞག་འགྲན་རྩོད་ཀྱི་ཁྲོམ་རའི་ཁོར་ཡུག་བསྐྲུན་པ། ཕན་འབྲས་ཆེ་བའི་དངུལ་གཏོང་རྒྱ་ཆེར་གཏོང་བ། རྒྱུ་ཆ་གསར་པའི་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། འཛད་སྤྱོད་ཚུལ་སྒྱུར་རིམ་སྤོར་ལ་སྐུལ་འདེད་གང་མགྱོགས་གཏོང་བ། ཚན་རྩལ་གྲུབ་འབྲས་ཚུལ་སྒྱུར་ལ་སྐུལ་འདེད་གཏོང་བ། མཚོ་འགག་འགྲམ་གཉིས་ཀྱི་མཉམ་འདྲེས་འཕེལ་རྒྱས་ཟབ་སྤེལ་བྱེད་པ། རྒྱལ་སྤྱི་ཅན་གྱི་ཚོང་གཉེར་ཁོར་ཡུག་ཇེ་ལེགས་སུ་གཏོང་བ། “རྒྱུད་གཅིག་ལམ་གཅིག”གི་འཛུགས་སྐྲུན་ཆུ་ཚད་ཇེ་མཐོར་གཏོང་བ་སོགས་ཀྱི་ཐད་ནས་བསམ་འཆར་དང་གྲོས་གཞི་བཏོན།

ཞི་ཅིན་ཕིང་གིས་ཚང་མའི་གཏམ་བཤད་ནན་ཏན་ངང་གསན་རྗེས་གསུང་བཤད་གལ་ཆེན་གནང་། ཁོང་གིས་ཚང་མས་ད་ལོའི་དཔལ་འབྱོར་བྱ་བར་བླངས་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་བྱས་པ་དང་། སང་ལོའི་དཔལ་འབྱོར་བྱ་བའི་ཐད་བསམ་འཆར་དང་གྲོས་གཞི་ཡག་པོ་གང་མང་བཏོན་ཡོད་པས། ང་ཚོས་ཞིབ་འཇུག་ནན་ཏན་དང་བསྡུ་ལེན་བྱེད་དགོས་ཞེས་གསུངས།

ཞི་ཅིན་ཕིང་གིས་ད་ལོ་ནི་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་བྱེད་མགོ་བརྩམས་པའི་ལོ་ཞིག་དང་། ལོ་ངོ་གསུམ་རིང་གི་པྲོག་གསར་རིམས་ནད་ཀྱི་འགོག་སྡོམ་གྱི་དུམ་རིམ་འགྱུར་རྗེས་ཀྱི། དཔལ་འབྱོར་སླར་གསོ་དང་འཕེལ་རྒྱས་བཏང་བའི་ལོ་ཞིག་ཡིན། རང་རྒྱལ་གྱི་འཕེལ་རྒྱས་ལ་འཕྲད་པའི་གནས་བབ་སྣེ་མང་རྙོག་འཛིང་ཆེ་བ་དང་། རྒྱལ་སྤྱིའི་ཆབ་སྲིད་དང་དཔལ་འབྱོར་ཁོར་ཡུག་ལ་མི་ཕན་པའི་རྒྱུ་རྐྱེན་སྔར་ལས་ཇེ་མང་དུ་འགྲོ་བཞིན་ཡོད་ལ། རྒྱལ་ནང་གི་དུས་འཁོར་རང་བཞིན་དང་གྲུབ་ཚུལ་རང་བཞིན་གྱི་འགལ་བ་གཅིག་ཐོག་གཅིག་བརྩེགས་རེད། ཀྲུང་གུང་ཀྲུང་དབྱང་གིས་རྒྱལ་ཡོངས་མི་རིགས་སོ་སོའི་མི་དམངས་ཀྱི་སྣེ་ཁྲིད་དེ། དཀའ་ངལ་ལ་མ་འཛེམ་པར་མདུན་དུ་བསྐྱོད་པ་དང་བརྟན་ཐོག་ཡར་འཕེལ་གྱི་བྱ་བའི་སྤྱིའི་དགོངས་གཞི་རྒྱུན་འཁྱོངས་བྱེད་པ། བཅོས་སྒྱུར་སྒོ་འབྱེད་ཕྱོགས་ཡོངས་ནས་གཏིང་ཟབ་ཏུ་གཏོང་བ། སྤྱི་ཁོག་སྙོམས་སྒྲིག་བྱེད་ཤུགས་ཆེ་རུ་གཏོང་བ། ནང་མཁོ་རྒྱ་སྐྱེད་གཏོང་བ་དང་གྲུབ་ཚུལ་ལེགས་སྒྲིག་བྱེད་པ། ཡིད་ཆེས་ཆེ་རུ་གཏོང་བ། ཉེན་ཁ་འགོག་ཟོན་བྱེད་པ་བཅས་ལ་ཤུགས་སྣོན་པ། རང་རྒྱལ་གྱི་དཔལ་འབྱོར་སྤྱིའི་ཆ་ནས་སླར་གསོ་ཡོང་བའི་རྣམ་པ་ལེགས་ཕྱོགས་སུ་འཕེལ་བར་བྱེད་པ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་དོན་ལྡན་བཏང་ནས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་ཐད་གོམ་སྟབས་བརྟན་པོ་སྤོས་ཡོད་ཅེས་གསུངས།

ཞི་ཅིན་ཕིང་གིས་ད་ལོར། དམངས་གཙོ་ཏང་ཁག་སོ་སོ་དང་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས། ཏང་ཁག་གང་ལའང་མི་གཏོགས་པའི་མི་སྣ་བཅས་ཀྱིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལས་འགན་གཙོ་བོ་དང་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་བསྐྲུན་པའི་འཐབ་ཇུས་ལས་འགན་ལ་དམ་པོར་དམིགས་ཏེ། བཟོ་སྐྲུན་ལས་རིགས་ཀྱི་གཙོ་གནད་ཐོན་ལས་འབྲེལ་ཐག་ཇེ་ལེགས་སུ་གཏོང་བ་དང་རིམ་སྤོར་བྱེད་པ། ནུས་ཁུངས་མ་ལག་གསར་པ་འཛུགས་པ། འབྲི་ཆུའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་སོགས་ཀྱི་གནད་དོན་གལ་ཆེན་ལ་དམིགས་ནས་བརྟག་དཔྱད་ཞིབ་འཇུག་གཏིང་ཟབ་བྱས་ཏེ། ཀྲུང་གུང་ཀྲུང་དབྱང་ལ་རིགས་སོ་སོའི་བརྟག་དཔྱད་ཞིབ་འཇུག་སྙན་ཞུ་དང་བསམ་འཆར་དང་གྲོས་གཞི་ཕུལ་ནས། ཀྲུང་གུང་ཀྲུང་དབྱང་གི་ཚན་རིག་ཇུས་ཆོད་ལ་གཞི་འཛིན་ས་གལ་ཆེན་མཁོ་འདོན་བྱས་ཡོད་ཅེས་གསུངས། ཞི་ཅིན་ཕིང་གིས་ཀྲུང་གུང་ཀྲུང་དབྱང་གི་ཚབ་མཛད་དེ་ཚང་མར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུས།

ཞི་ཅིན་ཕིང་གིས་དམངས་གཙོའི་ཏང་ཁག་སོ་སོ་དང་རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས། ཏང་ཁག་གང་ལའང་མ་གཏོགས་པའི་མི་སྣ་བཅས་ལ་རེ་བ་གསུམ་བཏོན་ཡོད་དེ། གཅིག་ནས་ཆབ་སྲིད་ཀྱི་ལངས་གནས་སྔར་ལས་ཇེ་མཐོར་བཏང་ནས། བསམ་བློ་དང་སྦྱོར་བ་གཉིས་ཀྲུང་གུང་ཀྲུང་དབྱང་གི་དཔལ་འབྱོར་བྱ་བའི་སྐོར་གྱི་ཇུས་ཆོད་བཀོད་སྒྲིག་གལ་ཆེན་སྟེང་གཅིག་གྱུར་ཡོང་བར་བྱེད་དགོས། གཉིས་ནས་འཕེལ་རྒྱས་ཀྱི་ཡིད་ཆེས་སྔར་ལས་ཇེ་བརྟན་དུ་བཏང་ནས། དོགས་གནད་སེལ་བ་དང་ཐུན་མོང་གི་ངོས་འཛིན་གཅིག་ཏུ་སྒྲིལ་བའི་བྱ་བ་ཡག་པོ་སྒྲུབ་རྒྱུར་གཞོགས་འདེགས་བྱེད་དགོས། གསུམ་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་ཐབས་འདོན་ཇུས་འབུལ་གང་ལེགས་བྱེད་དགོས་པ་བཅས་རེད།

ཧྲི་ཐའེ་ཧྥུན་དང་ལི་གོའུ་ཀྲུང་། ཧི་ལིས་ཧྥུན། ཀྲང་གོ་ཆིན། ཝུའུ་ཀྲིན་ལུང་བཅས་དང་། ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་འབྲེལ་ཡོད་སྡེ་ཁག་གི་འགན་ཁུར་པ་བཞུགས་མོལ་ཚོགས་འདུར་ཞུགས།

བཞུགས་མོལ་ཚོགས་འདུར་ཞུགས་པའི་ཏང་ཕྱིའི་མི་སྣའི་གྲས་སུ་ད་དུང་ཧྲའོ་ཧུང་དང་ཧི་པོ་ཞང་། ཝང་ཀོང་ཆན། ཆིན་པོ་ཡུང་། ཀྲུའུ་ཡུང་ཞིན། དབྱང་ཀྲིན། ཀྲང་ཨན་ཏིས། ལིས་ཆན་ཧྥུན། ཨན་ལིས་ཅཱ། ཀྲང་པེན་སོགས་ཡོད།

བན་དེ་སྐྱབས་ཀྱིས་བསྒྱུར།