ཟླ12པའི་ཚེས8ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་རྩ་ཁྲིམས་དམ་བཅའི་མཛད་སྒོ་བསྡུས། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་གིས་དམ་བཅའ་འཇོག་པར་ལྟ་སྐུལ་གནང་།
《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས》དང《རྒྱལ་སྲིད་སྤྱི་ཁྱབ་ཁང་དང་དེའི་སྡེ་ཁག་སོ་སོས་བསྐོ་འཇོག་བྱས་པའི་རྒྱལ་ཁབ་ཀྱི་ལས་བྱེད་མི་སྣའི་རྩ་ཁྲིམས་དམ་བཅའི་རྩ་འཛུགས་བྱེད་ཐབས》གཞིར་བཟུང་ནས། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་བསྐོ་འཇོག་བྱས་པའི་སྡེ་ཁག་དང་ལས་ཁུངས་ང་གཉིས་ཀྱི་འགན་འཁུར་པ་དོན་གསུམ་གྱིས་ཁྲིམས་ལྟར་རྩ་ཁྲིམས་དམ་བཅའ་བཞག
ཕྱི་དྲོའི་དུས་ཚོད་གསུམ་གྱི་སྟེང་དུ། རྒྱལ་སྲིད་ཨུ་ཡོན་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དྲུང་ཡིག་ཆེན་མོའི་འགན་གཅིག་ལྕོགས་སུ་འཁུར་མཁན་ཝུའུ་ཀྲིན་ལུང་གིས་རྩ་ཁྲིམས་དམ་བཅའི་མཛད་སྒོ་དངོས་སུ་སྤེལ་མགོ་བརྩམས་པ་ཁྱབ་སྒྲོག་བྱས་པ་ན། ཚང་མ་ཡར་ལངས་ནས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་གླུ་བླངས། དེའི་རྗེས་དམ་བཅའ་མགོ་འཛིན་མཁན་གྱིས་རྩ་ཁྲིམས་ལ་རེག་ཞོར་དམ་ཚིག་ངག་འདོན་བྱས་པ་དང་། དམ་བཅའ་འཇོག་མཁན་གཞན་དག་གིས་རུ་སྟར་བསྒྲིགས་ནས་དྲང་མོར་ལངས་ནས་དེའི་རྗེས་སུ་འབྲངས་ནས་དམ་ཚིག་བཀླགས།
དམ་བཅའ་བཞག་རྗེས། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་གིས་གསུང་བཤད་གནང་། ཁོང་གིས་དམ་བཅའི་ཡི་གེ་ཐུང་ཡང་ནང་དོན་ཆེན་པོ་ལྡན། ཚང་མས་དམ་བཅའ་སེམས་ལ་བརྟན་པོར་བཅངས་ནས། ལག་ལེན་ལ་རྩེ་གཅིག་ཏུ་འབད་པ་དང་རྩ་ཁྲིམས་ལ་བློ་དཀར་སེམས་དཀར་བྱེད་པ། མེས་རྒྱལ་ལ་བློ་དཀར་སེམས་དཀར་བྱེད་པ། མི་དམངས་ལ་བློ་དཀར་སེམས་དཀར་བྱེད་པ། ཏང་དང་མི་དམངས་ཀྱི་མངགས་བཅོལ་ཟབ་མོ་ཆུད་ཟོས་སུ་མི་གཏོང་བ་བཅས་བྱ་རྒྱུའི་རེ་བ་ཡོད། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པས་བླ་སྲོག་བསྐྲུན་རྒྱུ་རྒྱུན་འཁྱོངས་བྱས་ནས། “གཏན་ཕབ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་བླངས་ཏེ། “སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་སྒྲུབ་ནས། ཆབ་སྲིད་བརྡར་གཅོད་ནུས་པ་དང་ཆབ་སྲིད་ཤེས་རྟོགས་ནུས་པ། ཆབ་སྲིད་ལག་བསྟར་ནུས་པ་བཅས་ཟམ་མི་ཆད་པར་ཆེ་རུ་བཏང་སྟེ། ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་ལག་བསྟར་བྱེད་མཁན་དང་། བྱ་སྤྱོད་སྤེལ་མཁན། དངོས་གཉེར་མཁན་བཅས་ཡག་པོ་བྱེད་དགོས་ཞེས་གསུངས།
རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མགོ་ཁྲིད་བློ་མཐུན་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་འབྲེལ་ཡོད་སྡེ་ཁག་གི་འགན་འཁུར་བློ་མཐུན་སོགས་དམ་བཅའ་འཇོག་པའི་མཛད་སྒོར་ཞུགས།
བན་དེ་སྐྱབས་ཀྱིས་བསྒྱུར།