ཟླ་བཅུ་གཉིས་པའི་ཚེས་དགུ་ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཏེན་ཞུའེ་ཞང་པེ་ཅིང་དུ2023ལོའི་འཛམ་གླིང་རྒྱའི་སྐད་ཡིག་ཚོགས་ཆེན་ལ་ཞུགས་པར་མ་ཟད་གཙོ་དོན་གསུང་བཤད་གནང་།
ཟླ་བཅུ་གཉིས་པའི་ཚེས་དགུ་ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཏེན་ཞུའེ་ཞང་པེ་ཅིང་དུ2023ལོའི་འཛམ་གླིང་རྒྱའི་སྐད་ཡིག་ཚོགས་ཆེན་ལ་ཞུགས་པར་མ་ཟད་གཙོ་དོན་གསུང་བཤད་གནང་།
ཏེན་ཞུའེ་ཞང་གིས་བཤད་རྒྱུར། སྐད་ཡིག་ནི་བརྗེ་རེས་ཀྱི་ལག་ཆ་ཞིག་དང་རིག་གནས་ཀྱི་འདེགས་ཤིང་ལྟ་བུ་ཡིན་ལ། མིའི་རིགས་ཀྱི་དཔལ་ཡོན་བརྗེ་རེས་གླེང་མོལ་ལ་སྐུལ་འདེད་གཏོང་བའི་འབྲེལ་ཟམ་ལྟ་བུ་ཡིན། ཀྲུའུ་ཞི་ཞི་ཅིན་ཕིང་གིས་བསྟན་དོན། ཕན་ཚུན་གྱི་སྐད་ཡིག་ལ་སློབ་སྦྱོང་བྱེད་པ་དང་། རྒྱལ་ཁབ་གཞན་པའི་ལོ་རྒྱུས་རིག་གནས་ལ་རྒྱུས་ལོན་བྱས་ན། མི་དམངས་བར་མཛའ་མཐུན་གྱི་འབྲེལ་བ་ཆགས་པར་ཕན་ཐོགས་ཡོད་པར་མ་ཟད། མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་བསྐྲུན་པར་སྟོབས་ཤུགས་འདོན་ཐུབ། ཀྲུང་གོས་མུ་མཐུད་དུ་ཆུ་ཚད་མཐོ་བའི་སློབ་གསོའི་ཕྱི་ཕྱོགས་སྒོ་འབྱེད་ལ་སྐུལ་འདེད་གཏོང་རྒྱུ་དང་། མང་ཚོགས་དང་ལྷག་པར་ན་གཞོན་གྱིས་ཕྱིའི་སྐད་ཡིག་སློབ་སྦྱོང་དང་རྒྱལ་སྤྱིའི་བརྗེ་རེས་སྤེལ་བར་རྒྱབ་སྐྱོར་བྱེད་ལ། སྔར་སྲོལ་བཞིན་རྒྱལ་སྤྱིའི་རྒྱའི་སྐད་ཡིག་སློབ་གསོར་རྒྱབ་སྐྱོར་ཤུགས་ཆེན་བྱས་ཏེ། རྒྱའི་སྐད་ཡིག་འཛམ་གླིང་ཧྲིལ་བོར་ཁྱབ་པར་བྱེད་པ་དང་། འཛམ་གླིང་ལ་ཞབས་འདེགས་ཞུ་བའི་ཐད་ནུས་ལྡན་གྱི་འདེགས་སྐྱོར་དང་འགན་སྲུང་འདོན་སྤྲོད་བྱེད་ཚད་ཇེ་མགྱོགས་སུ་གཏོང་འདོད་ཡོད་ཟེར།
ཏེན་ཞུའེ་ཞང་གིས་བསྟན་དོན། རྒྱའི་སྐད་ཡིག་ནི་ཀྲུང་གོའི་སྐད་ཡིག་ཡིན་ལ་འཛམ་གླིང་གི་སྐད་ཡིག་ཀྱང་ཡིན། གནས་བབ་གསར་བའི་འོག་གི་རྒྱལ་སྤྱིའི་རྒྱའི་སྐད་ཡིག་སློབ་གསོ་དང་འཛམ་གླིང་སྐད་བརྡའི་བརྗེ་རེས་མཉམ་ལས་ལ་སྐུལ་འདེད་གཏོང་ན། ཀྲུང་གོ་དང་འཛམ་གླིང་གི་རྒྱལ་ཁབ་སོ་སོའི་མི་དམངས་ཀྱིས་མཉམ་དུ་འབད་བརྩོན་བྱེད་དགོས། སྒོ་འབྱེད་བཟོད་སྒོམ་གྱི་རྒྱལ་སྤྱིའི་རྒྱའི་སྐད་ཡིག་སློབ་གསོའི་རྣམ་པ་ཞིག་བསྐྲུན་ཏེ། ཕྱོགས་སོ་སོ་དང་མཉམ་དུ་ཁུང་ཙི་སློབ་གླིང་སོགས་རྒྱའི་སྐད་ཡིག་རྣམ་གྲངས་ལེགས་པོར་སྒྲུབ་པ་དང་། ཆ་འཕྲིན་ཅན་དང་གཞི་གྲངས་ཅན། རིག་ནུས་ཅན་བཅས་ཀྱི་རྒྱའི་སྐད་ཡིག་སློབ་གསོ་ཤུགས་ཆེན་པོས་འཕེལ་རྒྱས་གཏོང་དགོས་པར་མ་ཟད། རྒྱལ་ཁབ་སོ་སོས་ས་གནས་ཀྱི་དགེ་རྒན་གསོ་སྐྱོང་དང་ས་གནས་ཀྱི་སློབ་ཁྲིད་རྒྱུ་ཆ་ཞིབ་འཇུག་གསར་སྤེལ་བྱེད་པ། ས་གནས་ཅན་གྱི་རྒྱའི་སྐད་ཡིག་གི་སློབ་ཁྲིད་བྱེད་པར་རྒྱབ་སྐྱོར་བྱེད་དགོས། རྒྱའི་སྐད་ཡིག་གི་ཞབས་ཞུའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། རྒྱའི་སྐད་ཡིག་གི་སྤྱི་ཚོགས་བཀོལ་སྤྱོད་རིན་ཐང་རྒྱུན་ཆད་མེད་པར་ཇེ་མཐོར་གཏོང་དགོས་ལ། སྔར་ལས་མང་བའི་རྒྱལ་སྤྱིའི་རྩ་འཛུགས་ཀྱིས་རྒྱའི་སྐད་ཡིག་དེ་གཞུང་ཕྱོགས་ཀྱི་སྐད་ཆའི་གྲས་སུ་འཇོག་པར་རྒྱབ་སྐྱོར་དང་སྐུལ་སློང་བྱེད་པ་དང་། སྔར་ལས་མང་བའི་རྒྱལ་སྤྱིའི་ས་ཁུལ་ནས་རྒྱའི་སྐད་ཡིག་བཀོལ་སྤྱོད་བྱེད་པར་དགའ་བསུ་ཞུ་དགོས་པར་མ་ཟད། རྒྱལ་ཁབ་སོ་སོའི་དཔལ་འབྱོར་སྤྱི་ཚོགས་ཀྱི་འཕེལ་རྒྱས་ལ་ཧུར་ཐག་གིས་ཞབས་འདེགས་ཞུ་དགོས། ཀྲུང་ཕྱིའི་སྐད་ཡིག་གི་བརྗེ་རེས་མཉམ་ལས་ཇེ་ཟབ་ཏུ་བཏང་སྟེ། ནང་དུ་གདན་འདྲེན་ཞུ་བ་དང་ཕྱི་རུ་བསྐྱོད་པ་གཉིས་ཟུང་སྦྲེལ་བྱས་པ་བརྒྱུད། རྒྱའི་སྐད་ཡིག་དང་འཛམ་གླིང་གི་རྒྱལ་ཁབ་སོ་སོའི་སྐད་ཡིག་གི་བརྗེ་རེས་ལ་ཤུགས་སྣོན་པ་དང་། རྒྱལ་ཁབ་སོ་སོའི་ན་གཞོན་རྣམས་ཀྲུང་གོར་ཡོང་ནས་ཀྲུང་གོའི་རིག་གནས་ཉམས་ལེན་དང་རྒྱལ་ཁབ་སོ་སོའི་རིག་གནས་འགྲེམ་སྟོན་བྱེད་པར་རྒྱབ་སྐྱོར་བྱས་ཏེ། ཕན་ཚུན་གྱི་མཛའ་བརྩེ་དང་བསམ་པའི་མཐུན་སྦྱོར་ཇེ་དྲག་ཏུ་གཏོང་དགོས། རིག་གནས་ཕན་ཚུན་དཔེ་ལྟ་དང་དཔྱད་གཞིར་འཛིན་པར་སྐུལ་འདེད་བཏང་སྟེ། སྒོ་འབྱེད་བཟོད་སྒོམ་རྒྱུན་འཁྱོངས་དང་བདེན་སྲུང་གསར་གཏོད་ཤུགས་དྲག་ཏུ་བཏང་ནས། མཉམ་དུ་འཛམ་གླིང་གི་སྣེ་མང་དཔལ་ཡོན་གྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་ཟེར།
ཏེན་ཞུའེ་ཞང་གིས་གྲོས་ཚོགས་སྔོན་དུ་རྒྱལ་སྤྱིའི་རྒྱའི་སྐད་ཡིག་སློབ་གསོའི་གསར་གཏོད་འཕེལ་རྒྱས་ཀྱི་གནས་ཚུལ་འགྲེམ་སྟོན་ལ་གཟིགས་ཞིབ་གནང་བར་མ་ཟད། རྒྱལ་སྤྱིའི་རྒྱའི་སྐད་ཡིག་སློབ་གསོའི་སློབ་སྒྲུབ་མ་ལག་དང་། དགེ་རྒན་དཔུང་སྡེ། སློབ་ཁྲིད་ཐོན་ཁུངས། རྒྱུགས་ལེན་ཞབས་ཞུ་སོགས་ཕྱོགས་ཀྱི་གསར་གཏོད་འཕེལ་རྒྱས་ཀྱི་གྲུབ་འབྲས་ལ་རྒྱུས་ལོན་བྱས།
2023ལོའི་འཛམ་གླིང་རྒྱའི་སྐད་ཡིག་ཚོགས་ཆེན་གྱིས་རྒྱའི་སྐད་ཡིག་གིས་འཛམ་གླིང་ལ་ཞབས་འདེགས་ཞུ་བ་དང་སྒོ་འབྱེད་ཀྱིས་མ་འོངས་པ་བསུ་བ་བརྗོད་དོན་དུ་བྱས་ཡོད། ཀྲུང་ཕྱིའི་འབྲེལ་ཡོད་ཆེད་ལས་མཁས་པ་དང་། སྲིད་གཞུང་གི་དཔོན་རིགས། རྒྱལ་སྤྱིའི་རྩ་འཛུགས་ཀྱི་འཐུས་ཚབ་པ། རྒྱལ་སྤྱིའི་སྐད་ཡིག་དང་རིག་གནས་ལས་ཁུངས་ཀྱི་འགན་ཁུར་མི་སྣ་སོགས་མི་སྟོང་གཉིས་ལྷག་གྲོས་ཚོགས་ལ་ཞུགས།
རིག་འཛིན་སྒྲོལ་མས་བསྒྱུར།