མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱིས་ཀྲུའུ་ཞིའི་དམངས་གཙོ་ལྟ་སྐུལ་བཞུགས་མོལ་ཚོགས་འདུ་བསྡུས།
2023.12.10 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 42

ཟླ་བཅུ་གཉིས་པའི་ཚེས་བརྒྱད་ཉིན། མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱི་ཏང་ཙུའུ་ཧྲུའུ་ཅི། ཀྲུའུ་ཞི་མགོན་པོ་བཀྲ་ཤིས་ཀྱིས་མགོ་འཛིན་བྱས་ནས་ཀྲུའུ་ཞིའི་དམངས་གཙོ་ལྟ་སྐུལ་བཞུགས་མོལ་ཚོགས་འདུ་བསྡུས་ཏེ། སྣ་མང་ནུས་གསོག་མ་ལག་འཛུགས་སྐྲུན་བྱེད་པ་དང་། དག་གཙང་ནུས་ཁུངས་ཐོན་ལས་ཀྱི་མཐོ་ས་གསར་སྐྲུན་བྱེད་པར་རོགས་འདེགས་བྱེད་པར་དམིགས་ནས་གྲོས་མོལ་ཇུས་འདོན་བྱས། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། རྒྱུན་ལས་ཧྲིན་ཀྲང་གཞོན་པ་ཝང་ལིན་ཧུའུ་ཡིས་རང་ཞིང་གི་སྣ་མང་ནུས་གསོག་འཕེལ་རྒྱས་ཀྱི་གནས་ཚུལ་ངོ་སྤྲོད་བྱས། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་རིན་ཆེན་རྣམ་རྒྱལ་དང་ཁོང་ཡུང་། ཝང་ཀྲིན་ཁྲང་། ཐེན་ཁུའེ། ལིའུ་ཏ་ཡེ་བཅས་གྲོས་ཚོགས་ལ་ཞུགས།

ཚོགས་ཐོག་ནས། ཁོང་ཡུང་གིས་བརྗོད་དོན་སྙན་ཞུ་ཕུལ་བ་དང་། བློ་མཐུན་ལྔས་ཟུར་ངོས་མི་འདྲ་ས་དང་ཕྱོགས་ངོས་མི་འདྲ་ས་ནས་བརྗེ་རེས་གཏམ་བཤད་བྱས། ཚང་མས་ཉེ་བའི་ལོ་འགའི་རིང་ལ། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་བཅོས་སྒྱུར་འཕེལ་རྒྱས་ཐད་བཀོད་པའི་འཆར་འགོད་དང་རེ་བ་གལ་ཆེན་ལག་བསྟར་ནན་མོ་བྱས་ཏེ། ཧུར་ཐག་གིས་རྒྱལ་ཁབ་དག་གཙང་ནུས་ཁུངས་ཐོན་ལས་ཀྱི་མཐོ་ས་འཛུགས་སྐྲུན་བྱེད་པའི་ཐད་ནས་གྲུབ་འབྲས་མངོན་གསལ་བླངས་ཡོད་ཅེས་བསྟན། ཚོགས་ཐོག་ནས་ནུས་གསོག་འཕེལ་རྒྱས་ཀྱི་རྣམ་པ་གསར་གཏོད་བྱེད་པ་དང་། ནུས་གསོག་རིན་གོང་གི་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ། ནུས་གསོག་དོ་དམ་མ་ལག་འཐུས་ཚང་དུ་གཏོང་བ། ནུས་གསོག་ཐོན་ལས་འཕེལ་རྒྱས་སུ་བཏང་ནས། རང་ཞིང་རྒྱལ་ཡོངས་སྔོན་གྲས་ཀྱི་ནུས་གསོག་གསར་གཏོད་བེད་སྤྱོད་དང་ཕྱོགས་བསྡུས་ཐོན་ལས་དཔེ་སྟོན་རྟེན་གཞི་རུ་འཛུགས་སྐྲུན་བྱེད་རྒྱུའི་གྲོས་གཞི་བཏོན།

ཝང་ལིན་ཧུའུ་ཡིས་གཏམ་བཤད་ལ་ཉན་པར་མ་ཟད་རང་ཞིང་གི་ནུས་གསོག་འཕེལ་རྒྱས་གནས་བབ་དང་སྣ་མང་ནུས་གསོག་མ་ལག་འཛུགས་སྐྲུན་གྱི་གནས་ཚུལ་ངོ་སྤྲོད་བྱས་པ་དང་། རིགས་གསར་ནུས་གསོག་འཕེལ་རྒྱས་ཀྱི་ཚོད་འཛིན་རྒྱུ་རྐྱེན་དང་དཀའ་ཁག་གནད་དོན་ལ་དབྱེ་ཞིབ་ཟབ་མོ་བྱས་ལ། རྒྱལ་ཁབ་ནུས་གསོག་འཕེལ་རྒྱས་སྔོན་སྐྱོད་དཔེ་སྟོན་ཁུལ་འཛུགས་སྐྲུན་བྱེད་པའི་ཁ་ཕྱོགས་བསམ་ཕྱོགས་དང་འཐབ་ཇུས་ཀྱི་གཙོ་གནད། བྱེ་བྲག་བྱ་བ་གཏན་ཁེལ་བྱས།

མགོན་པོ་བཀྲ་ཤིས་ཀྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཐོན་ལས་ཀྱི་གནས་བཞི་འཛུགས་སྐྲུན་བྱེད་པའི་བླང་བྱ་གལ་ཆེན་གྱི་མཛུབ་ཁྲིད་འོག ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་གཅིག་འདོམས་འགོ་ཁྲིད་དང་ཐོག་རིམ་ནས་སྐུལ་འདེད་བཏང་བ་དང་། དག་གཙང་ནུས་ཁུངས་ཐོན་ལས་ཀྱི་མཐོ་ས་འཛུགས་སྐྲུན་ཐད་ནས་མངོན་གསལ་གྲུབ་འབྲས་བླངས་ལ། ལྷག་པར་དུ་ནུས་གསོག་ཐོན་ལས་མགྱོགས་མྱུར་སྒོས་འཕེལ་རྒྱས་སུ་བཏང་བ་དང་རྨང་གཞི་བརྟན་ལ། མདུན་ལྗོངས་ཧ་ཅང་བཟང་བ་དང་། རྒྱལ་ཁབ་དག་གཙང་ནུས་ཁུངས་ཐོན་ལས་ཀྱི་མཐོ་ས་གསར་སྐྲུན་དང་རྒྱལ་ཁབ་ནུས་གསོག་འཕེལ་རྒྱས་ཀྱི་སྔོན་སྐྱོད་དཔེ་སྟོན་ཁུལ་འཛུགས་སྐྲུན་བྱེད་པའི་ཐད་ཡིད་ཆེས་ཀྱིས་ཁེངས་ཡོད། ཚོགས་ཐོག་ནས་ནན་གྱིས་བསྟན་དོན། ནུས་གསོག་ནི་ནུས་ཁུངས་བཟོ་ལས་ཀྱི་ལས་རྣམ་གསར་བ་གྲུབ་པར་བྱེད་པ་དང་དཔལ་འབྱོར་གྱི་སྒུལ་ཤུགས་གསར་བ་གསར་སྐྲུན་བྱེད་པ། འཕེལ་རྒྱས་ཀྱི་མདུན་གྲས་འཕྲོག་ལེན་བྱེད་པའི་ཁྱབ་ཁོངས་གལ་ཆེན་ཡིན་པས། མ་ལག་གི་སྤྱི་དོན་ལ་ཤུགས་སྣོན་པ་དང་།  དམིགས་འབེན་གཙིགས་སུ་བཟུང་ནས་གཡོ་འགུལ་མི་བྱེད་པ། ཧུར་ཐག་གིས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། རྐྱེན་སྲོལ་འཐུས་ཚང་དུ་བཏང་ནས་འགན་སྲུང་བཟང་བོ་བྱས་ཏེ། རང་ཞིང་གི་རྒྱལ་ཁབ་ནུས་ཁུངས་སྔོན་སྐྱོད་དཔེ་སྟོན་ཁུལ་འཛུགས་སྐྲུན་བྱེད་པའི་གོམ་སྟབས་ཇེ་མགྱོགས་སུ་གཏོང་དགོས། མི་དམངས་སྲིད་གྲོས་ཀྱིས་ཆེད་དོན་གྲོས་མོལ་ལས་ཁུངས་ཀྱི་དགེ་མཚན་དང་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་དང་། ནུས་གསོག་འཕེལ་རྒྱས་ཀྱི་གཙོ་གནད་དཀའ་གནད་ལ་དམིགས་ནས། བརྟག་བཤེར་ཞིབ་འཇུག་ཟབ་མོ་བྱེད་པ་དང་། བློ་འདོན་ཇུས་འབུལ་བྱེད་པ། ཐུན་མོང་གི་ལྟ་བ་གཅིག་ཏུ་བསྡུས་ཏེ། རྒྱལ་ཁབ་དག་གཙང་ནུས་ཁུངས་ཐོན་ལས་ཀྱི་མཐོ་ས་གསར་སྐྲུན་བྱེད་ཆེད་སྲིད་གྲོས་ཀྱི་བློ་གྲོས་དང་སྟོབས་ཤུགས་འབུལ་དགོས།

གྲོས་ཚོགས་ཀྱི་སྔོན་དུ། ཞིང་ཆེན་སྲིད་གྲོས་ཀྱིས་ཀྲུའུ་ཞི་དམངས་གཙོ་ལྟ་སྐུལ་ལྟ་ཞིབ་ཚན་ཆུང་བཙུགས་ནས། སྔ་གཞུག་ཏུ་རྒྱལ་ཁབ་གློག་ཤུགས་དངུལ་གཏོང་ཉི་འོད་ནུས་པའི་ཐོན་ལས་ལྟེ་གནས་དང་མཚོ་སྔོན་ཅིན་ཁི་ནུས་ཁུངས་ཚད་ཡོད་ཀུང་ཟི་ལ་སོང་ནས་ཡུལ་དངོས་རྟོག་ཞིབ་བྱས་པ་དང་། ཆུ་འཐེན་ནུས་གསོག་འཆར་འགོད་འཛུགས་སྐྲུན་དང་སྣ་མང་ནུས་གསོག་དཔེ་སྟོན་བེད་སྤྱོད། ནུས་གསོ་ཐོན་ལས་འཕེལ་རྒྱས་བཅས་ཀྱི་གནས་ཚུལ་ལ་རྒྱུས་ལོན་གསལ་བོ་བྱས།

རིན་ཆེན་མཚོས་བསྒྱུར།