ལིས་ཆང་གིས་རྒྱལ་སྤྱིའི་སེང་གེ་ཚོགས་པའི་ཚོགས་གཙོར་མཇལ་འཕྲད་གནང་།
2023.12.11 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 96

ཟླ12པའི་ཚེས10ཉིན་གྱི་སྔ་དྲོར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་དུ། རྒྱལ་སྤྱིའི་སེང་གེ་ཚོགས་པའི་ཚོགས་གཙོ་ཞི་ཨར་ལ་མཇལ་འཕྲད་གནང་།

ལིས་ཆང་གིས་རྒྱལ་སྤྱིའི་སེང་གེ་ཚོགས་པས་འཛམ་གླིང་ཧྲིལ་པོ་དང་ཀྲུང་གོའི་དགེ་སྒྲུབ་སྤྱི་ཕན་བྱ་གཞག་ལ་སྤྲོ་སེམས་ཆེན་པོས་དངུལ་གཏོང་དང་བྱས་རྗེས་གང་ལེགས་བཞག་པར་བསྟོད་བསྔགས་བྱས་པ་དང་། དུས་ཡུན་རིང་པོའི་ནང་ཀྲུང་གོའི་ལོང་འགོག་རྨོངས་བཅོས་བྱ་གཞག་ལ་རྒྱབ་སྐྱོར་གང་ལེགས་བྱས་པར་ཐུགས་རྗེ་ཆེ་ཞུས། ལིས་ཆང་གིས་ཀྲུང་ཧྭ་མི་རིགས་ལ་གཞན་ཕན་སྒྲུབ་པར་དགའ་བ་དང་ཉེན་སེལ་རོགས་སྐྱོར་བྱེད་པའི་སྲོལ་རྒྱུན་བཟང་པོ་ཡོད། ཀྲུང་གོ་སྲིད་གཞུང་གིས་དགེ་སྒྲུབ་སྤྱི་ཕན་བྱ་གཞག་འཕེལ་རྒྱས་གཏོང་བར་ཚད་མཐོའི་མཐོང་ཆེན་བྱེད་ཀྱིན་ཡོད་ཅིང་། སྤྱི་ཚོགས་རྩ་འཛུགས་ཀྱིས་དེའི་ཁྲོད་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་ཐུབ་པར་སྐུལ་ལྕག་དང་རྒྱབ་སྐྱོར་བྱེད་ཀྱིན་ཡོད། རྒྱལ་སྤྱིའི་སེང་གེ་ཚོགས་པས་ཀྲུང་གོ་དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་དང་ཀྲུང་གོ་སེང་གེ་མཉམ་འབྲེལ་ལྷན་ཚོགས་བར་འབྲེལ་འདྲིས་མཉམ་ལས་བྱེད་རྒྱུའི་རེ་ལྟོས་ཆེ། ཀྲུང་གོ་ཕྱོགས་ཀྱིས་རྒྱལ་སྤྱིའི་སེང་གེ་ཚོགས་པ་དང་མཉམ་དུ་འབད་བརྩོན་བྱས་ཏེ། འཛམ་གླིང་གི་ཞི་བདེ་དང་འཕེལ་རྒྱས། མིའི་རིགས་ཡར་ཐོན་བཅས་ཡོང་ཆེད་བྱས་རྗེས་སྔར་ལས་གང་མང་འཇོག་འདོད་ཡོད་ཅེས་གསུངས།

ཞི་ཨར་གྱིས་རྒྱལ་སྤྱིའི་སེང་གེ་ཚོགས་པས་ཀྲུང་གོས་རྒྱལ་སྤྱིའི་དགེ་སྒྲུབ་བྱ་གཞག་ལ་བྱས་རྗེས་བཞག་པར་ཐུགས་རྗེ་ཆེ་ཞུས་པ་ཡིན། རྒྱལ་སྤྱིའི་སེང་གེ་ཚོགས་པས་ཀྲུང་གོ་གཅིག་གི་རྩ་དོན་རྒྱུན་འཁྱོངས་བྱས་ཏེ། ཀྲུང་གོའི་བར་མཉམ་ལས་བྱེད་པ་དང་ཕན་ཚུན་དཔྱད་གཞིར་འཛིན་རྒྱུར་ཤུགས་བསྣན་ནས། འཛམ་གླིང་ཧྲིལ་པོ་དང་ཀྲུང་གོའི་དགེ་སྒྲུབ་སྤྱི་ཕན་བྱ་གཞག་འཕེལ་རྒྱས་ཡོང་བར་མཉམ་དུ་སྐུལ་འདེད་གཏོང་འདོད་ཡོད་ཅེས་བསྟན།

བན་དེ་སྐྱབས་ཀྱིས་བསྒྱུར།