ཟླ12པའི་ཚེས11ཉིན། ཞིང་ཆེན་སྲིད་གྲོས་ཀྱིས་རིག་གནས་ཁང་ནང་ཁུལ་གྱི་ལས་གཞི་ཟབ་སྒྱུར་ཇུས་འགོད་ཇུས་གཞི་ཆེད་དོན་སྙན་ཞུ་ཚོགས་འདུ་བསྡུས། ཞིང་ཆེན་སྲིད་གྲོས་ཀྱི་ཏང་ཙུའུ་ཧྲུའུ་ཅི། ཀྲུའུ་ཞི་མགོན་པོ་བཀྲ་ཤིས་ཚོགས་འདུར་ཞུགས་པར་མ་ཟད་གཏམ་བཤད། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ། དྲུང་ཡིག་ཆེན་མོ་ལིའུ་ཏ་ཡེ་ཡིས་ཚོགས་འདུར་མགོ་འཛིན་བྱས།
ཚོགས་ཐོག་ནས་ཞིང་ཆེན་སྲིད་གྲོས་རིག་གནས་ལོ་རྒྱུས་ཁང་ནང་ཁུལ་གྱི་ལས་གཞི་ཟབ་སྒྱུར་ཇུས་འགོད་ཇུས་གཞིའི་འཁྲབ་སྟོན་སྙན་ཞུ་ལ་ཉན་པ་དང་། ཚོགས་ཞུགས་མི་སྣས་རིག་གནས་ཁང་གི་ཇུས་འགོད་སྤྱིའི་བསམ་ཕྱོགས་དང་འགྲེམ་ཁང་གི་གྲུབ་ཚུལ། ཇུས་འགོད་ཇུས་གཞི། གཞི་རྒྱུ་སྡེབ་སྦྱོར་སོགས་ཕྱོགས་ལ་དམིགས་ནས་བགྲོ་གླེང་བྱས་པར་མ་ཟད། བཟོ་བཅོས་ཀྱི་གྲོས་གཞི་བཏོན།
ཚང་མའི་གཏམ་བཤད་ལ་ཉན་རྗེས། མགོན་པོ་བཀྲ་ཤིས་ཀྱིས་བཤད་རྒྱུར། ཞིང་ཆེན་སྲིད་གྲོས་ཏང་ཙུའུ་ཡིས་རིག་གནས་ལོ་རྒྱུས་ཁང་འཛུགས་སྐྲུན་བྱ་བར་ཧ་ཅང་མཐོང་ཆེན་བྱས་པ་དང་། བགྲོ་གླེང་བཟོ་བཅོས་ཐེངས་མང་བརྒྱུད་དེ། ཁང་བ་ནང་ཁུལ་གྱི་ཇུས་འགོད་ཇུས་གཞི་དང་འགྲེམ་སྟོན་ནང་དོན་སྔར་ལས་ཇེ་ཞིབ་ཏུ་སོང་བ་དང་། བྱ་བ་སྣ་ཚོགས་ཤུགས་ལྡན་པ་དང་གོ་རིམ་ལྡན་པའི་སྒོ་ནས་སྒྲུབ་བཞིན་ཡོད། ཁོས་ནན་གྱིས་བསྟན་དོན། རིག་གནས་ལོ་རྒྱུས་ཁང་འཛུགས་སྐྲུན་བྱེད་རྒྱུ་ནི་ཞིང་ཆེན་སྲིད་གྲོས་ཀྱི་བྱ་བའི་ལས་འགན་གཙོ་བོ་ཞིག་ཡིན་པས། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་ཁྲིད་དུ་བྱེད་པ་རྒྱུན་འཁྱོངས་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་དམངས་སྲིད་གྲོས་བྱ་བར་ཤུགས་སྣོན་པ་དང་ལེགས་སྒྱུར་བྱེད་པའི་སྐོར་གྱི་དགོངས་པ་གལ་ཆེན་སློབ་སྦྱོང་དང་ལག་བསྟར་བྱེད་པ། རྒྱལ་ཡོངས་སྲིད་གྲོས་རིག་གནས་ལོ་རྒྱུས་བྱ་བའི་བཞུགས་མོལ་ཚོགས་འདུའི་དགོངས་དོན་དོན་འཁྱོལ་བཟང་བོ་བྱེད་པ། རིག་གནས་ལོ་རྒྱུས་ཁང་འཛུགས་སྐྲུན་བཟང་བོ་བྱེད་པ་དང་དོ་དམ་བཟང་བོ་བྱེད་པ། བཀོལ་སྤྱོད་བཟང་བོ་བྱེད་པ། འཕེལ་རྒྱས་སུ་བཏང་སྟེ། ལོ་རྒྱུས་ཉར་ཚགས་དང་སྲིད་དོན་སྐྱོང་བ། མཐུན་སྒྲིལ། མི་སྐྱེད་སྲིང་བྱེད་པའི་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས། ལངས་གནས་མཐོར་འདེགས་གཏོང་བ་དང་། མིག་རྒྱ་ཆེར་བསྐྱེད་པ། ཞིབ་འཇུག་ནན་མོ་བྱེད་པ། སྔོན་ཐོན་ས་ཁུལ་གྱི་སྲིད་གྲོས་རིག་གནས་ལོ་རྒྱུས་ཁང་འཛུགས་སྐྲུན་གྱི་ཕུལ་བྱུང་བྱེད་ཐབས་དང་ཉམས་མྱོང་སློབ་སྦྱོང་བྱེད་པ་དང་དཔེ་ལྟ་བྱེད་པ། མཚོ་སྔོན་གྱི་ཁྱད་ཆོས་འབུར་དུ་ཐོན་པར་བྱས་ནས། མཚོ་སྔོན་གྱི་གཏམ་རྒྱུད་བཟང་བོར་བཤད་དགོས། བྱ་བའི་བསམ་ཕྱོགས་སྔར་ལས་ཇེ་གསལ་དུ་གཏོང་བ་དང་། བྱ་བའི་དམིགས་འབེན་གཏན་ཁེལ་གསལ་བོ་བྱེད་པ། དུམ་མཚམས་ཇུས་འགོད་ལེགས་སྒྱུར་བྱེད་པ། བྱ་བ་སྤེལ་ཚད་ཇེ་མགྱོགས་སུ་བཏང་སྟེ། ཕན་མཐོ་ཤུགས་ལྡན་སྒོས་ཇུས་འགོད་བྱ་བར་སྐུལ་འདེད་གཏོང་དགོས། ཆེད་མཁས་པའི་གྲོས་གཞི་ལ་ཉན་པ་དང་། ཇུས་གཞི་འཐུས་ཚང་དུ་གཏོང་བ། ཚད་གཞི་མཐོ་བ་དང་སྤུས་ཚད་མཐོ་བའི་ངང་སྲིད་གྲོས་ཀྱི་རིག་གནས་ལོ་རྒྱུས་ཁང་འཛུགས་སྐྲུན་བྱེད་པར་སྐུལ་འདེད་བཏང་ནས། མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱི་ལས་དོན་གསར་གཏོད་འཕེལ་རྒྱས་སུ་གཏོང་བ་དང་དེང་རབས་ཅན་གྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་ཆེད་བྱས་རྗེས་སྔར་ལས་ཆེན་པོ་འཇོག་དགོས།
གྲ་སྒྲིག་འགོ་ཁྲིད་ཚན་ཆུང་གི་ཁོངས་མི་དང་། ཞིང་ཆེན་སྲིད་གྲོས་རིག་གནས་ལོ་རྒྱུས་ཁང་དང་སློབ་སྦྱོང་ཨུ་ཡོན་ལྷན་ཁང་། ཞིང་ཆེན་རིག་གནས་ཡུལ་སྐོར་ཐིན། ཞིང་ཆེན་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས། ཞིང་ཆེན་མཛེས་རིས་ཁང་བཅས་ཀྱི་འབྲེལ་ཡོད་འགན་ཁུར་བློ་མཐུན་ཚོགས་འདུར་ཞུགས།
རིན་ཆེན་མཚོས་བསྒྱུར།