བློ་མཐུན་སང་གོ་ཝེ་ཡི་སྐུ་གདུང་ཟླ12པའི་ཚེས11ཉིན་པེ་ཅིང་པ་པའོ་རི་བོའི་གསར་བརྗེ་སྤྱིའི་བང་སོ་རུ་སྦྱིན་སྲེག་བྱས། ཞི་ཅིན་ཕིང་དང་ལིས་ཆང་། ཀྲའོ་ལི་ཅི། ཝང་ཧུའུ་ཉིང་། ཚའེ་ཆི། ཏེན་ཞུའེ་ཞང་། ལིས་ཞི། ཧན་ཀྲིན་སོགས་པ་པའོ་རི་བོར་སོང་ནས་སྐྱེལ་མ་ཞུས། འདི་ནི་ཞི་ཅིན་ཕིང་གིས་སང་གོ་ཝེ་ཡི་ཁྱིམ་མིར་ཕྱག་འཇུ་གནང་ནས་འཚམས་འདྲི་གནང་གིན་པའི་ཚུལ་རེད།
སྨན་རྫས་རིག་པ་བ་གྲགས་ཅན་དང་སྤྱི་ཚོགས་བྱེད་སྒོ་པ། ཀྲུང་གོ་བཟོ་ཞིང་དམངས་གཙོ་ཏང་གི་ཕུལ་བྱུང་མགོ་ཁྲིད་པ། ཀྲུང་གོ་གུང་ཁྲན་ཏང་གི་གློ་ཉེ་བའི་གྲོགས་པོ། ཀྲུང་གོ་བཟོ་སྐྲུན་གླིང་གི་ཉམས་མྱོང་དང་ནུས་པ་ཅན་གྱི་ཡོན་ཧྲི། རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གཅིག་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ། ཀྲུང་གོ་བཟོ་ཞིང་དམངས་གཙོ་ཏང་སྐབས་བཅུ་བཞི་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་བློ་མཐུན་སང་གོ་ཝེ་ཡི་སྐུ་གདུང་ཟླ12པའི་ཚེས11ཉིན་པེ་ཅིང་པ་པའོ་རི་བོའི་གསར་བརྗེ་སྤྱིའི་བང་སོ་རུ་སྦྱིན་སྲེག་བྱས།
བློ་མཐུན་སང་གོ་ཝེ་སྙུང་གཞིའི་དབང་གིས། 2023ལོའི་ཟླ12པའི་ཚེས7ཉིན་གྱི་ཕྱི་དྲོའི་ཆུ་ཚོད་ལྔ་དང་སྐར་མ་བཅུའི་སྟེང་པེ་ཅིང་དུ་སྐུ་གཤེགས་པ་དང་། སྐུ་གཤེགས་སྐབས་དགུང་ལོ་གྱ་གཉིས་རེད།
བློ་མཐུན་སང་གོ་ཝེ་ལ་སྙུང་གཞི་ལྕི་མོ་ཕོག་པའི་རིང་དང་ཁོང་སྐུ་གཤེགས་རྗེས་སུ། ཞི་ཅིན་ཕིང་དང་ལིས་ཆང་། ཀྲའོ་ལི་ཅི། ཝང་ཧུའུ་ཉིང་། ཚའེ་ཆི། ཏེན་ཞུའེ་ཞང་། ལིས་ཞི། ཧན་ཀྲིན། ཧུའུ་ཅིན་ཐའོ་སོགས་བློ་མཐུན་རྣམས་སྨན་ཁང་དུ་ཕེབས་ནས་འཚམས་འདྲི་གནང་བའམ་ཡང་ན་ཐབས་ལམ་སྣ་ཚོགས་སྤྱད་དེ། བློ་མཐུན་སང་གོ་ཝེ་སྐུ་གཤེགས་པར་སྐྱོ་གདུང་ཆེན་པོས་མྱ་ངན་ཞུས་པར་མ་ཟད། འདས་པོའི་གཉེན་ཉེར་འཚམས་འདྲི་གནང་།
ཚེས11ཉིན་གྱི་སྔ་དྲོར། པ་པའོ་རི་བོའི་གསར་བརྗེ་སྤྱིའི་བང་སོའི་ཚོམས་ཁང་དུ། མྱ་ངན་གྱི་རོལ་དབྱངས་དམའ་མོར་གྲགས་བཞིན་ཡོད་ལ། ཚོམས་ཆེན་གྱི་ཀླད་དུ་རས་གཞི་ནག་པོའི་སྟེང་དུ་ཡི་གེ་དཀར་པོས། “བློ་མཐུན་སང་གོ་ཝེ་ལ་སྐྱོ་གདུང་ཆེན་པོས་མྱ་ངན་ཞུ”ཞེས་པའི་འཕྲེད་ཡིག་བཀལ་ཡོད་པ་དང་། འཕྲེད་ཡིག་གི་འོག་ཏུ་བློ་མཐུན་སང་གོ་ཝེ་ཡི་སྐུ་བརྙན་བཤམས་ཡོད་ཅིང་། མེ་ཏོག་མང་པོའི་དཀྱིལ་དུ་བློ་མཐུན་སང་གོ་ཝེ་ཡི་སྐུ་གདུང་བཞག་ཡོད།
སྔ་དྲོའི་ཆུ་ཚོད་དགུ་དང་སྐར་མ་སུམ་ཅུའི་སྟེང་དུ། ཞི་ཅིན་ཕིང་དང་ལིས་ཆང་། ཀྲའོ་ལི་ཅི། ཝང་ཧུའུ་ཉིང་། ཚའེ་ཆི། ཏེན་ཞུའེ་ཞང་། ལིས་ཞི། ཧན་ཀྲིན་སོགས་མྱ་ངན་རོལ་དབྱངས་ཀྱི་འགྲོས་དང་བསྡོངས་ནས་དལ་མོའི་ངང་བློ་མཐུན་སང་གོ་ཝེ་ཡི་སྐུ་གདུང་གི་མདུན་དུ་ཕེབས་ཏེ་མྱ་ངན་ཞུས་པ་དང་། བློ་མཐུན་སང་གོ་ཝེ་ཡི་སྐུ་གདུང་ལ་གུས་འདུད་ལན་གསུམ་ཞུས་པར་མ་ཟད། བློ་མཐུན་སང་གོ་ཝེ་ཡི་ཁྱིམ་མི་ཚོར་རེ་རེ་བཞིན་ཕྱག་འཇུ་གནང་ནས་འཚམས་འདྲི་ཞུས།
ཏང་དང་རྒྱལ་ཁབ་ཀྱི་འབྲེལ་ཡོད་མགོ་ཁྲིད་བློ་མཐུན་ཚོས་སྐྱེལ་མ་བྱེད་པའམ་ཡང་ན་བྱེད་ཐབས་སྣ་ཚོགས་སྤྱད་དེ་མྱ་ངན་ཞུས་པ་དང་། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་འབྲེལ་ཡོད་སྡེ་ཁག་གི་འགན་འཁུར་བློ་མཐུན་དང་། བློ་མཐུན་སང་གོ་ཝེ་སྐུ་འཚོ་བཞུགས་གནང་སྐབས་ཀྱི་གྲོགས་པོ་དང་ཕ་ཡུལ་གྱི་འཐུས་མིས་ཀྱང་སྐྱེལ་མ་ཞུས།
བན་དེ་སྐྱབས་ཀྱིས་བསྒྱུར།