རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཧན་ཀྲིན་གྱིས་དབྱིན་ཇིའི་ལིས་ཐའོ་སྡེ་ཚོགས་ཀྱི་རྐང་གཉེར་དབུ་གཙོ་པའོ་ཏ་མེན་ལ་མཇལ་འཕྲད་གནང་།
2023.12.13 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 15

རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཧན་ཀྲིན་གྱིས་ཚེས12ཉིན་པེ་ཅིང་དུ་དབྱིན་ཇིའི་ལིས་ཐའོ་སྡེ་ཚོགས་ཀྱི་རྐང་གཉེར་དབུ་གཙོ་པའོ་ཏ་མེན་ལ་མཇལ་འཕྲད་གནང་།

ཧན་ཀྲིན་གྱིས་བསྟན་དོན། ད་ལོར་ཀྲུང་གོའི་དཔལ་འབྱོར་སྤྱིའི་ཆ་ནས་བསྐྱར་འཕར་འབྱུང་ཚད་ཇེ་ལེགས་སུ་ཕྱིན་པ་དང་། སྔར་བཞིན་འཛམ་གླིང་གི་དཔལ་འབྱོར་འཕར་རྒྱུར་སྐུལ་འདེད་གཏོང་བའི་ལེགས་སྐྱེས་འབུལ་མཁན་གཙོ་བོ་ཡིན་པས། ལོ་ཧྲིལ་པོའི་དཔལ་འབྱོར་སྔོན་དཔག་གི་འཕར་ཚད་དམིགས་ཚད་མངོན་འགྱུར་ཡོང་བར་ང་ཚོ་ཡིད་ཆེས་ཀྱིས་ཁེངས་ཡོད། ཀྲུང་གོས་དཔལ་འབྱོར་འཛམ་གླིང་ཧྲིལ་པོ་ཅན་གྱི་ཡང་དག་པའི་ཁ་ཕྱོགས་མཐའ་འཁྱོངས་ཀྱིས་བཅོས་སྒྱུར་སྔར་ལས་གཏིང་ཟབ་ཏུ་གཏོང་བ་དང་། སྒོ་མོ་འབྱེད་རྒྱ་ཆེ་རུ་བཏང་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ་རྒྱལ་ཁབ་སོ་སོ་དང་ལག་གདང་སྦྲེལ་ནས་མདུན་དུ་ལྷགས་པའི་ཐུན་མོང་འགྲན་སློང་ལ་ཁ་གཏད་འཇལ་རྒྱུ་ཡིན། ཀྲུང་གོའི་དཔལ་འབྱོར་འཕེལ་རྒྱས་ཀྱི་སྦས་ཤུགས་སྔར་བཞིན་ཧ་ཅང་ཆེན་པོ་ཡིན་པ་དང་། གྲོང་ཁྱེར་དང་གྲོང་རྡལ་ཅན་གསར་པར་སྐུལ་འདེད་གཏོང་བའི་བར་སྟོང་ཧ་ཅང་ཆེན་པོ་ཡིན་པས། ལིས་ཐའོ་སྡེ་ཚོགས་ཀྱིས་ཀྲུང་གོར་དངོས་གཉེར་མཉམ་ལས་མུ་མཐུད་དུ་གཏིང་ཟབ་ཏུ་གཏོང་རྒྱུར་དགའ་བསུ་ཞུ་རྒྱུ་ཡིན་ལ། ཀྲུང་གོའི་འཕེལ་རྒྱས་ལས་བྱུང་བའི་གོ་སྐབས་གསར་པ་མཉམ་སྤྱོད་དང་གཉིས་ཕན་མཉམ་རྒྱལ་མངོན་འགྱུར་ཡོང་བར་བྱེད་དགོས།

པའོ་ཏ་མེན་གྱིས་ཀྲུང་གོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གྲུབ་འབྲས་ལ་ཚད་མཐོའི་བསྔགས་བརྗོད་བྱས་པ་དང་། སྡེ་ཚོགས་ཀྱིས་ཀྲུང་གོའི་དཔལ་འབྱོར་འཕར་སྣོན་གྱི་སྦས་ཤུགས་ལ་ལྟ་སྟངས་ཡག་པོ་འཛིན་གྱིན་ཡོད་ལ། ཀྲུང་གོ་ནས་ཡུན་རིང་འཕེལ་རྒྱས་གཏོང་བའི་འཐབ་ཇུས་མཐའ་འཁྱོངས་བྱས་ནས་དཔལ་འབྱོར་ཚོང་དོན་དང་ལག་རྩལ། ཤེས་ལྡན་མི་སྣ་སོགས་ཀྱི་ཐད་མཉམ་ལས་བྱས་ནས་འཛམ་གླིང་ཧྲིལ་པོའི་ཐོན་ལས་ཕྲེང་འབྲེལ་དང་་མཁོ་སྤྲོད་ཕྲེང་འབྲེལ་བརྟན་པོའི་ངང་གེགས་མེད་ཡོང་བར་སྲུང་སྐྱོང་བྱ་རྒྱུ་ཡིན་ཟེར།

ཤ་བོ་གསེར་མཚོས་བསྒྱུར།