ཟླ12པའི་ཚེས11ཉིན་ནས་ཚེས12ཉིན་བར། ཀྲུང་དབྱང་དཔལ་འབྱོར་བྱ་བའི་གྲོས་ཚོགས་པེ་ཅིང་དུ་འཚོགས་པ་དང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་ཚོགས་འདུར་ཞུགས་ནས་གསུང་བཤད་གལ་ཆེན་གནང་།
ཟླ12པའི་ཚེས11ཉིན་ནས་ཚེས12ཉིན་བར། ཀྲུང་དབྱང་དཔལ་འབྱོར་བྱ་བའི་གྲོས་ཚོགས་པེ་ཅིང་དུ་འཚོགས་པ་དང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་ཚོགས་འདུར་ཞུགས་ནས་གསུང་བཤད་གལ་ཆེན་གནང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན་ལིས་ཆང་དང་ཀྲའོ་ལི་ཅི། ཝང་ཧུའུ་ཉིང་། ཚའེ་ཆི། ཏེན་ཞུའེ་ཞང་། ལིས་ཞི་བཅས་ཚོགས་འདུར་ཞུགས།
ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་སྐབས2023ལོའི་དཔལ་འབྱོར་བྱ་བར་ཕྱོགས་ཡོངས་ནས་སྤྱི་སྡོམ་གནང་བ་དང་མིག་སྔའི་དཔལ་འབྱོར་གནས་བབ་ལ་དབྱེ་ཞིབ་ནན་མོ་གནང་ལ། 2024ལོའི་དཔལ་འབྱོར་བྱ་བར་མ་ལག་ཚང་བའི་སྒོ་ནས་བཀོད་སྒྲིག་གནང་། ལིས་ཆང་གིས་སྤྱི་སྡོམ་གསུང་བཤད་གནང་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱ་རྒྱུ་དང་སང་ལོའི་དཔལ་འབྱོར་བྱ་བ་ཡག་པོར་བསྒྲུབ་རྒྱུའི་ཐད་བླང་བྱ་བཏོན།
གྲོས་ཚོགས་སྟེང་། ད་ལོ་ནི་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་བྱེད་མགོ་བརྩམས་པའི་ལོ་དང་། དུས་ཡུན་ལོ་ངོ་གསུམ་རིང་གི་པྲོག་གསར་རིམས་ནད་འགོག་སྡོམ་གྱི་རྗེས་སུ་དཔལ་འབྱོར་སླར་གསོ་དང་འཕེལ་རྒྱས་བཏང་བའི་ལོ་ཞིག་ཡིན། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་ཏང་ཡོངས་དང་རྒྱལ་ཡོངས་རིགས་སོ་སོའི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ། ཕྱི་ཕྱོགས་ཀྱི་གནོན་ཤུགས་འགོག་པ་དང་ནང་ཁུལ་གྱི་དཀའ་ཁག་སེལ་བ། ཕྱོགས་ཡོངས་ནས་བཅོས་སྒྱུར་སྒོ་འབྱེད་ཟབ་སྤེལ་བྱེད་པ། སྤྱི་ཁོག་སྙོམས་སྒྲིག་བྱེད་ཤུགས་ཆེ་རུ་གཏོང་བ། ནང་མཁོ་རྒྱ་སྐྱེད་དང་གྲུབ་ཚུལ་ལེགས་སྒྱུར། ཡིད་ཆེས་ཇེ་བརྟན། ཉེན་ཁ་འགོག་སེལ་བཅས་བྱས་པའི་དབང་གིས། རང་རྒྱལ་གྱི་དཔལ་འབྱོར་ལེགས་ཕྱོགས་སུ་འཕེལ་བ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ནན་མོ་བཏང་བ་ལས་གཞན། དེང་རབས་ཅན་གྱི་ཐོན་ལས་མ་ལག་འཛུགས་སྐྲུན་ལ་གྲུབ་འབྲས་གལ་ཆེན་ཐོབ་པ་དང་། ཚན་རྩལ་གསར་གཏོད་ལ་ཐོད་བརྒལ་གསར་པ་བྱུང་ཞིང་། བཅོས་སྒྱུར་སྒོ་འབྱེད་ཟབ་སྤེལ་བྱས་ལ། བདེ་འཇགས་འཕེལ་རྒྱས་ཀྱི་རྨང་གཞི་སྔར་ལས་སྲ་བརྟན་དུ་བཏང་བ་དང་། དམངས་ཚིས་ལ་ནུས་པ་དང་ཕན་འབྲས་ལྡན་པར་འགན་སྲུང་བྱས་ཏེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་ཐད་གོམ་སྟབས་བརྟན་པོ་སྤོས་ཡོད་པར་འདོད།
གྲོས་ཚོགས་སྟེང་། དཔལ་འབྱོར་ལེགས་ཕྱོགས་སུ་འཕེལ་རྒྱུར་སྔར་ལས་སྐུལ་འདེད་གཏོང་བར་དཀའ་ངལ་དང་འགྲན་སློང་ཁག་ཅིག་ཁྱད་སེལ་བྱེད་དགོས་ལ། གཙོ་བོ་ནི་ནུས་ལྡན་གྱི་དགོས་མཁོས་མི་འདང་བ་དང་ལས་རིགས་ཁག་གཅིག་གི་ཐོན་ནུས་ལྷག་འཕྲོ་ཡོད་པ། སྤྱི་ཚོགས་ཀྱི་སྔོན་དཔག་ཅུང་ཆུང་བ། ཉེན་ཁའི་འགལ་རྐྱེན་སྔར་བཞིན་མང་བ་བཅས་དང་། རྒྱལ་ནང་གི་འཁོར་རྒྱུག་ཆེན་མོར་འགག་གནད་ཡོད་པ་དང་། ཕྱི་ཕྱོགས་ཁོར་ཡུག་གི་རྙོག་འཛིང་རང་བཞིན་དང་ཛ་དྲག་རང་བཞིན། གཏན་འཁེལ་རང་བཞིན་བཅས་ཆེ་རུ་ཕྱིན་པ་བཅས་ཡིན། ཉེན་ཚབས་ཀྱི་འདུ་ཤེས་སྔར་ལས་ཇེ་དྲག་ཏུ་བཏང་ནས། གནད་དོན་དེ་དག་ལ་ནུས་ལྡན་ངང་ཁ་གཏད་འཇལ་བ་དང་ཐག་གཅོད་བྱེད་དགོས། ཕྱོགས་བསྡུས་སྒོས་བལྟས་ན། རང་རྒྱལ་གྱི་འཕེལ་རྒྱས་ལ་འཕྲད་པའི་མཐུན་རྐྱེན་དེ་འགལ་རྐྱེན་ལས་ཆེ་བའི་དབང་གིས། དཔལ་འབྱོར་ལེགས་ཕྱོགས་སུ་འཕེལ་བ་དང་ཡུན་རིང་ལེགས་ཕྱོགས་སུ་འཕེལ་བའི་གཞི་རྩའི་འཕེལ་ཕྱོགས་ལ་འགྱུར་ལྡོག་བྱུང་མེད་པས། ཡིད་ཆེས་དང་གདིང་ཤུགས་ཇེ་ཆེར་གཏོང་དགོས་ཞེས་བསྟན།
གྲོས་ཚོགས་སྟེང་། ཉེ་བའི་ལོ་འདི་དག་གི་རིང་ལ། ཏང་ཀྲུང་དབྱང་གི་མགོ་ཁྲིད་བརྟན་པོའི་འོག་ཏུ། ང་ཚོས་རྒྱལ་ནང་དང་རྒྱལ་སྤྱིའི་ཁྱོན་ཡོངས་གཉིས་དང་། རིམས་ནད་འགོག་སྡོམ་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས། འཕེལ་རྒྱས་དང་བདེ་འཇགས་བཅས་ལ་སྤྱི་འདོམས་ནུས་ལྡན་བྱས་ནས། དུས་རབས་གསར་པར་དཔལ་འབྱོར་བྱ་བ་ཡག་པོར་སྒྲུབ་པའི་ཆོས་ཉིད་ལ་ངོས་འཛིན་ཟབ་མོ་བྱས་ཡོད། ངེས་པར་དུ་སྤུས་ཚད་མཐོ་བའི་འཕེལ་རྒྱས་རྒྱུན་འཁྱོངས་བྱ་རྒྱུ་དེ་དུས་རབས་གསར་པའི་གནས་ལུགས་འགྱུར་མེད་དུ་བརྩིས་ནས། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་བ་དང་ནོར་བ་མེད་པ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་ལག་བསྟར་བྱས་ཏེ། དཔལ་འབྱོར་གྱི་སྤུས་ཚད་ནུས་ལྡན་ངང་མཐོ་རུ་གཏོང་བ་དང་གྲངས་འབོར་ལུགས་མཐུན་ངང་འཕར་རྒྱུར་སྐུལ་འདེད་གཏོང་དགོས། ངེས་པར་དུ་འདོན་སྤྲོད་ཕྱོགས་ཀྱི་སྒྲིག་གཞི་རང་བཞིན་གྱི་བཅོས་སྒྱུར་གཏིང་ཟབ་ཏུ་གཏོང་རྒྱུ་དང་། ཕན་ལྡན་དགོས་མཁོ་ནུས་ཤུགས་ཡོད་རྒུས་ཆེ་རུ་གཏོང་རྒྱུ་རྒྱུན་འཁྱོངས་བྱས་ཏེ། གཞི་ཁྱོན་ཆེ་བའི་ཁྲོམ་ར་དང་སྟོབས་ལྡན་ཐོན་སྐྱེད་བྱེད་ནུས་ཀྱི་ལེགས་ཆ་འདོན་སྤེལ་བྱས་ནས། རྒྱལ་ནང་གི་འཁོར་རྒྱུག་ཆེན་པོ་དེ་ནང་མཁོའི་རང་འགུལ་སྟོབས་ཤུགས་ཀྱི་རྨང་གཞིའི་སྟེང་བཙུགས་ནས། རྒྱལ་སྤྱིའི་འཁོར་རྒྱུག་གི་སྤུས་ཚད་དང་ཆུ་ཚད་སྔར་ལས་མཐོ་རུ་གཏོང་དགོས། བཅོས་སྒྱུར་སྒོ་འབྱེད་ལ་བརྟེན་ནས་འཕེལ་རྒྱས་ཀྱི་ནང་གནས་སྒུལ་ཤུགས་ཆེ་རུ་གཏོང་རྒྱུ་ངེས་པར་དུ་རྒྱུན་འཁྱོངས་བྱེད་རྒྱུ་དང་། བཅོས་སྒྱུར་ཟབ་སྤེལ་དང་ཆུ་ཚད་མཐོ་བའི་སྒོ་འབྱེད་ལ་གཅིག་གྱུར་གྱིས་འཆར་འགོད་བྱས་ནས་སྐུལ་འདེད་གཏོང་བ། སྤྱི་ཚོགས་ཀྱི་ཐོན་སྐྱེད་ནུས་ཤུགས་རྒྱུན་ཆད་མེད་པར་བཅིངས་འགྲོལ་དང་འཕེལ་རྒྱས་གཏོང་བ། སྤྱི་ཚོགས་ཀྱི་གསོན་ཤུགས་བསྐྱེད་པ་བཅས་བྱེད་དགོས། སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་ཆུ་ཚད་མཐོ་བའི་བདེ་འཇགས་མཉམ་འགུལ་བཟང་པོ་བྱེད་རྒྱུ་ངེས་པར་དུ་རྒྱུན་འཁྱོངས་བྱེད་རྒྱུ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་བརྟེན་ནས་ཆུ་ཚད་མཐོ་བའི་བདེ་འཇགས་ལ་སྐུལ་འདེད་གཏོང་བ། ཆུ་ཚད་མཐོ་བའི་བདེ་འཇགས་ལ་བརྟེན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་འགན་ལེན་བྱས་ཏེ། འཕེལ་རྒྱས་དང་བདེ་འཇགས་ཀྱི་འགུལ་རྣམ་དོ་སྙོམ་ཡོང་བར་བྱེད་པ་དང་ཕན་ཚུན་གཅིག་ལ་གཅིག་རྟེན་ཡོང་བར་བྱེད་དགོས། ངེས་པར་དུ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་རྒྱུ་དེ་ཆབ་སྲིད་དོན་ཆེན་དུ་བརྩིས་ཏེ། ཏང་གི་གཅིག་གྱུར་གྱི་མགོ་ཁྲིད་འོག་ཏུ། རྒྱ་ཆེ་བའི་མི་དམངས་ལ་མཐུན་སྒྲིལ་གྱིས་དཔལ་འབྱོར་འཛུགས་སྐྲུན་ཞེས་པའི་བྱ་བ་གཙོ་བོ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལས་འགན་གཙོ་བོར་དམ་པོར་དམིགས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་བརྗིད་ཉམས་ཆེ་བའི་འཆར་འགོད་དེ་གོམ་གང་མདུན་སྤོས་སྒོས་མཛེས་སྡུག་ལྡན་པའི་དོན་དངོས་སུ་འགྱུར་བར་འབད་དགོས་པར་འདོད།
གྲོས་ཚོགས་སྟེང་ནན་གྱིས་བསྟན་དོན། སང་ལོའི་དཔལ་འབྱོར་བྱ་བ་ཡག་པོ་སྒྲུབ་པར་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་འཛིན་རྒྱུ་དང་། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་པ། བརྟན་ཐོག་ཡར་འཕེལ་གྱི་བྱ་བའི་སྤྱིའི་དགོངས་གཞི་རྒྱུན་འཁྱོངས་བྱེད་པ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གང་མགྱོགས་ཀྱིས་བསྐྲུན་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གང་ལེགས་གཏོང་བ། བཅོས་སྒྱུར་སྒོ་འབྱེད་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ། ཆུ་ཚད་མཐོ་བའི་ཚན་རྩལ་རང་སྟོབས་རང་སྤེལ་ལ་སྐུལ་འདེད་གཏོང་བ། སྤྱི་ཁོག་སྙོམས་སྒྲིག་བྱེད་ཤུགས་ཆེ་རུ་གཏོང་བ། ནང་མཁོ་དང་འདོན་སྤྲོད་ཕྱོགས་ཀྱི་སྒྲིག་གཞི་རང་བཞིན་གྱི་བཅོས་སྒྱུར་ཟབ་སྤེལ་བྱེད་པ། གྲོང་ཁྱེར་དང་གྲོང་རྡལ་ཅན་གསར་པ་དང་གྲོང་གསེབ་ཕྱོགས་ཡོངས་ནས་དར་སྤེལ་གཏོང་བར་གཅིག་གྱུར་གྱིས་འཆར་འགོད་བྱེད་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་ཆུ་ཚད་མཐོ་བའི་བདེ་འཇགས་ལ་གཅིག་གྱུར་གྱིས་འཆར་འགོད་བྱེད་པ། དཔལ་འབྱོར་གྱི་གསོན་ཤུགས་མངོན་སུམ་གྱིས་ཆེ་རུ་འཕེལ་བར་བྱེད་པ། ཉེན་ཁ་འགོག་སེལ་བྱེད་པ། སྤྱི་ཚོགས་ཀྱི་སྔོན་དཔག་ཇེ་ལེགས་སུ་གཏོང་བ། དཔལ་འབྱོར་ལེགས་ཕྱོགས་སུ་འཕེལ་བའི་རྣམ་པ་སྲ་བརྟན་དང་སྟོབས་ལྡན་དུ་གཏོང་བ། དཔལ་འབྱོར་གྱི་སྤུས་ཚད་མཐོར་འདེགས་ནུས་ལྡན་གཏོང་བ་དང་གྲངས་ཚད་ལུགས་མཐུན་ངང་འཕར་བར་རྒྱུན་མཐུད་ངང་སྐུལ་འདེད་གཏོང་བ། དམངས་ཚིས་བདེ་སྐྱིད་མངོན་སུམ་གྱིས་ཆེ་རུ་གཏོང་བ། སྤྱི་ཚོགས་ཀྱི་བརྟན་བརླིང་རྒྱུན་འཁྱོངས་བྱེད་པ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་རླབས་ཆེན་ལས་དོན་སྤེལ་བར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ་བཅས་བྱེད་དགོས།
གྲོས་ཚོགས་སྟེང་། སང་ལོར་བརྟན་ཐོག་ཡར་འཕེལ་དང་དཔལ་འབྱོར་བརྟན་པོའི་ངང་འཕེལ་བར་སྐུལ་འདེད་གཏོང་རྒྱུ་དང་། སྔོན་འཛུགས་རྗེས་གཏོར་རྒྱུན་འཁྱོངས་བྱས་ནས། སྔོན་དཔག་བརྟན་པོ་དང་བརྟན་པོའི་ངང་འཕར་བ། ལས་ཞུགས་བརྟན་པོ་བཅས་ལ་ཕན་པའི་སྲིད་ཇུས་མང་ཙམ་འདོན་རྒྱུ་དང་། བྱེད་ཐབས་བསྒྱུར་བ་དང་གྲུབ་ཆ་ལེགས་སྒྲིག སྤུས་ཚད་མཐོར་གཏོང་། ཕན་འབྲས་ཆེར་གཏོང་བཅས་ཀྱི་ཐད་ཡར་རྒྱས་བརྩོན་ལེན་གང་ལེགས་བྱས་ཏེ། བརྟན་ཐོག་ཡར་འཕེལ་གྱི་རྨང་གཞི་ཟམ་མི་ཆད་པར་ཇེ་བརྟན་དུ་གཏོང་དགོས། སྤྱི་ཁོག་སྲིད་ཇུས་ཀྱི་དུས་འཁོར་ལས་ལྡོག་པ་དང་དུས་འཁོར་ལས་བརྒལ་བའི་ལེགས་སྒྲིག་ལ་ཤུགས་སྣོན་པ། དགེ་མཚན་ལྡན་པའི་ནོར་སྲིད་སྲིད་ཇུས་དང་བརྟན་ཞིང་སྐྱོན་བྲལ་བའི་དངུལ་ལོར་སྲིད་ཇུས་མུ་མཐུད་ལག་བསྟར་བྱེད་པ། སྲིད་ཇུས་ཀྱི་བྱེད་ཐབས་གསར་གཏོད་དང་མཐུན་སྦྱོར་གཞོགས་འདེགས་ལ་ཤུགས་སྣོན་པ་བཅས་བྱེད་དགོས།
དགེ་མཚན་ལྡན་པའི་ནོར་སྲིད་སྲིད་ཇུས་ལ་ཤུགས་སྣོན་འོས་འཚམ་རྒྱག་པ་དང་། སྤུས་ཀ་དང་ཕན་འབྲས་ཆེ་རུ་གཏོང་དགོས། ནོར་སྲིད་ཀྱི་སྲིད་ཇུས་བར་སྟོང་བེད་སྤྱོད་ཡག་པོ་བྱས་ནས། མ་དངུལ་གྱི་ཕན་འབྲས་དང་སྲིད་ཇུས་ཀྱི་ཕན་འབྲས་ཆེ་རུ་གཏོང་དགོས། ནོར་སྲིད་ཀྱི་གཏོང་སྒོའི་གྲུབ་ཚུལ་ལེགས་སྒྱུར་དང་། རྒྱལ་ཁབ་ཀྱི་འཐབ་ཇུས་ལས་འགན་གལ་ཆེན་དང་ནོར་ཤུགས་ཀྱི་འགན་སྲུང་བྱེད་ཤུགས་ཆེ་རུ་གཏོང་དགོས། ས་གནས་སྲིད་གཞུང་གི་ཆེད་སྤྱོད་བུན་འཛིན་དེ་མ་རྩའི་ཁོངས་སུ་སྤྱོད་ཚད་ལུགས་མཐུན་ངང་ཆེ་རུ་གཏོང་དགོས། སྒྲིག་གཞི་རང་བཞིན་གྱི་དཔྱ་ཁྲལ་གཅོག་པ་དང་གྲོན་དངུལ་གཅོག་པའི་སྲིད་ཇུས་དོན་འཁྱོལ་ཡག་པོ་བྱས་ཏེ། ཚན་རྩལ་གསར་གཏོད་དང་བཟོ་སྐྲུན་ལས་རིགས་འཕེལ་རྒྱས་གཏོང་རྒྱུ་གཙོ་གནད་དུ་བཟུང་ནས་རྒྱབ་སྐྱོར་བྱེད་དགོས། གཏོང་སྤྲོད་སྤོ་བསྒྱུར་མ་དངུལ་ལ་ལྟ་སྐུལ་དོ་དམ་ནན་མོ་བྱེད་པ་དང་། ནོར་སྲིད་དང་དཔལ་འབྱོར་གྱི་སྒྲིག་ལམ་ནན་སྲུང་བྱེད་པ། ནོར་སྲིད་ཀྱི་རྒྱུན་མཐུད་རང་བཞིན་ཇེ་དྲག་ཏུ་གཏོང་བ། གཞི་རིམ་གྱི“འགན་སྲུང་གསུམ”གྱི་ཚད་མཐའ་དམ་པོར་བསྲུང་དགོས། སྤྱིར་བཏང་རང་བཞིན་གྱི་འགྲོ་སོང་ལ་ཚོད་འཛིན་ནན་མོ་བྱེད་དགོས། ཏང་སྲིད་ལས་ཁུངས་ཀྱིས་གྲོན་ཆུང་གིས་འཚོ་བ་རོལ་བར་གོམས་པར་བྱེད་དགོས།
བརྟན་ཞིང་སྐྱོན་བྲལ་བའི་དངུལ་ལོར་སྲིད་ཇུས་ལག་བསྟར་གང་ལེགས་བྱེད་པ་དང་གནད་འཁེལ་ཕན་འབྲས་ལྡན་པར་བྱེད་དགོས། འཁོར་རྒྱུག་རང་བཞིན་ལུགས་མཐུན་དང་འདང་ངེས་ཡིན་པ་སྲུང་འཛིན་བྱེད་རྒྱུ་དང་། སྤྱི་ཚོགས་དངུལ་བསྡུའི་གཞི་ཁྱོན་དང་དངུལ་ལོར་འདོན་ཚད་དེ་དཔལ་འབྱོར་འཕར་སྣོན་དང་རིན་གོང་ཆུ་ཚད་ཀྱི་སྔོན་དཔག་དམིགས་འབེན་དང་འཚམ་པར་བྱེད་དགོས། དངུལ་ལོར་འགྲེམས་བཀོལ་གྱི་བསྡོམས་འབོར་དང་གྲུབ་ཚུལ་གཉིས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་དང་། གསོག་ཚད་དང་ཕན་ནུས་ཆེ་རུ་གཏོང་བ། དངུལ་རྩའི་སྒྲིག་གཞིས་ཚན་རྩལ་གསར་གཏོད་དང་ལྗང་མདོག་ཚུལ་སྒྱུར། ཡོངས་ཕན་ཆུང་གྲས། གཞི་གྲངས་དཔལ་འབྱོར་སོགས་ཐད་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བར་སྣེ་ཁྲིད་བྱེད་དགོས། སྤྱི་ཚོགས་ཀྱི་དངུལ་བསྡུ་མ་རྩ་བརྟན་པོའི་ངང་མར་འགྲིབ་པར་བྱེད་དགོས། མི་དམངས་ཤོག་སྒོར་གྱི་དངུལ་བརྗེས་འཛའ་ཐང་དེ་ལུགས་མཐུན་དོ་མཉམ་གྱི་ཆུ་ཚད་སྟེང་རྩ་བའི་ཆ་ནས་བརྟན་པོ་ཡོང་བར་བྱེད་དགོས།
སྤྱི་ཁོག་གི་སྲིད་ཇུས་ལག་ལེན་གཅིག་གྱུར་ཡོང་ཤུགས་ཆེ་རུ་གཏོང་དགོས། ནོར་སྲིད་དང་དངུལ་ལོར། ལས་ཞུགས། ཐོན་ལས། ས་ཁོངས། ཚན་རྩལ། ཁོར་ཡུག་སྲུང་སྐྱོབ་སོགས་ཀྱི་སྲིད་ཇུས་མཐུན་སྦྱོར་དང་གཞོགས་འདེགས་བྱེད་ཤུགས་ཆེ་རུ་གཏོང་བ་དང་། དཔལ་འབྱོར་རང་བཞིན་མིན་པའི་སྲིད་ཇུས་དེ་སྤྱི་ཁོག་སྲིད་ཇུས་ཀྱི་ལག་ལེན་གཅིག་མཐུན་རང་བཞིན་གྱི་དཔྱད་འཇོག་ནང་འཇུག་པ། སྲིད་ཇུས་ཀྱི་གཅིག་གྱུར་འཆར་འགོད་ལ་ཤུགས་སྣོན་པ་བཅས་བྱས་ཏེ། སྟོབས་ཤུགས་ཕྱོགས་གཅིག་ཏུ་འདོན་པ་དང་མཉམ་ཤུགས་གྲུབ་པར་འགན་ལེན་ནན་མོ་བྱེད་དགོས། དཔལ་འབྱོར་གྱི་དྲིལ་བསྒྲགས་དང་གླེང་ཕྱོགས་ཀྱི་ཁྲིད་སྟོན་བྱེད་ཤུགས་ཆེ་རུ་བཏང་ནས། ཀྲུང་གོའི་དཔལ་འབྱོར་ལ་འོད་སྣང་གི་མདུན་ལམ་ལྡན་པའི་གླེང་གཞི་དར་སྤེལ་གཏོང་དགོས།
གྲོས་ཚོགས་སྟེང་ནན་གྱིས་བསྟན་དོན། སང་ལོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུར་དམིགས་ཏེ། གཙོ་གནད་འབུར་ཐོན་ཡོང་བར་བྱེད་པ་དང་གནད་འགག་དམ་དུ་འཛིན་པ། དཔལ་འབྱོར་ལས་དོན་ཏན་ཏིག་ངང་སྒྲུབ་པ་བཅས་བྱེད་དགོས།
གཅིག་ནས་ཚན་རྩལ་གསར་གཏོད་ཀྱིས་དེང་རབས་ཅན་གྱི་ཐོན་ལས་མ་ལག་འཛུགས་སྐྲུན་བྱེད་པར་སྣེ་ཁྲིད་བྱེད་དགོས། གཉིས་ནས་རྒྱལ་ནང་གི་དགོས་མཁོ་རྒྱ་སྐྱེད་གཏོང་བར་ཤུགས་སྣོན་དགོས། གསུམ་ནས་གཙོ་གནད་ཁྱབ་ཁོངས་ཀྱི་བཅོས་སྒྱུར་ཟབ་སྤེལ་བྱེད་དགོས། བཞི་ནས་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་འབྱེད་རྒྱ་བསྐྱེད་དགོས། ལྔ་ནས་ཁྱབ་ཁོངས་གཙོ་བོའི་ཉེན་ཁ་རྒྱུན་མཐུད་དང་ཕན་ནུས་ལྡན་པའི་སྒོ་ནས་འགོག་སེལ་བྱེད་དགོས། དྲུག་ནས་རྒྱུན་འཁྱོངས་ལྷོད་མེད་སྒོས“ཞིང་གསུམ”བྱ་བ་དམ་འཛིན་གང་ལེགས་བྱེད་དགོས། བདུན་ནས་གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་དང་ས་ཁོངས་མཐུན་སྦྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། བརྒྱད་ནས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་དང་ལྗང་མདོག་ཐཱན་ཉུང་འཕེལ་རྒྱས་ལ་སྐུལ་འདེད་ནན་མོ་གཏོང་དགོས། དགུ་ནས་དམངས་ཚིས་ལ་འགན་སྲུང་དང་ལེགས་བཅོས་ཏན་ཏིག་བྱེད་དགོས།
གྲོས་ཚོགས་སྟེང་བསྟན་དོན། ཏང་ཀྲུང་དབྱང་གིས་དཔལ་འབྱོར་གནས་བབ་ལ་ཚན་རིག་དང་མཐུན་པའི་ངང་ཚོད་དཔག་བྱས་པར་གོ་བ་གཏིང་ཟབ་ལེན་རྒྱུ་དང་། དཔལ་འབྱོར་བྱ་བ་ཡག་པོ་སྒྲུབ་པའི་འགན་འཁྲི་འཁུར་སེམས་དང་ལས་འགན་སྒྲུབ་སེམས་མངོན་སུམ་གྱིས་ཆེ་རུ་གཏོང་བ། ཕན་ཡོད་ཀྱི་གོ་སྐབས་ཡོད་ཚད་དམ་འཛིན་བྱེད་པ་དང་། ཕན་ཡོད་ཀྱི་ཆ་རྐྱེན་ཡོད་ཚད་བེད་སྤྱོད་བྱས་ནས། དམིགས་ཡུལ་གཏན་ཁེལ་བྱུང་ན་གཞི་ནས་དམ་འཛིན་གང་ལེགས་དང་བྱ་བ་མང་ཙམ་སྒྲུབ་གང་ཐུབ་བྱས་ཏེ། རང་སྟེང་གི་བྱ་བའི་གཏན་འཁེལ་རང་བཞིན་ལ་བརྟེན་ནས་ངེས་གཏན་མིན་པའི་རང་བཞིན་ལ་ཁ་གཏད་འཇལ་དགོས། སང་ལོའི་དཔལ་འབྱོར་བྱ་བའི་སྤྱིའི་བླང་བྱ་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ། མྱུར་ཚད་དང་སྤུས་ཚད། སྤྱིའི་གཞི་གྲངས་དང་བྱེ་བྲག་གི་མྱོང་ཚོར། དཔལ་འབྱོར་འཕེལ་རྒྱས་དང་དམངས་ཚིས་ལེགས་བཅོས། འཕེལ་རྒྱས་དང་བདེ་འཇགས་བཅས་བར་གྱི་འབྲེལ་བར་སྟངས་འཛིན་དང་ཐག་གཅོད་ཡག་པོ་བྱ་རྒྱུར་དོ་སྣང་བྱས་ནས། དཔལ་འབྱོར་ལེགས་ཕྱོགས་སུ་འཕེལ་བ་རྒྱུན་མི་ཆད་པར་སྲ་བརྟན་དུ་གཏོང་དགོས། སང་ལོའི་དཔལ་འབྱོར་བྱ་བའི་སྲིད་ཇུས་ཁ་ཕྱོགས་ལ་སྟངས་འཛིན་ཡང་དག་བྱས་ཏེ། སྲིད་ཇུས་ལག་བསྟར་ཐད་མཐུན་སྦྱོར་མཉམ་འགུལ་དང་སྡེབ་སྒྲིག་བྱེད་པའི་ཕན་འབྲས་ཆེ་རུ་གཏོང་རྒྱུ་དང་། སྲིད་ཇུས་གྲབས་གསོག་ཐད་སྔོན་ལ་ཕན་འབྲས་ཐོན་པར་བྱེད་པ་དང་ལྷག་མ་འཇོག་པ། སྲིད་ཇུས་ཀྱི་ཕན་འབྲས་གདེང་འཇོག་ཐད་ཕན་ནུས་རང་བཞིན་ལ་མཐོང་ཆེན་དང་ཐོབ་སྣང་སྔར་ལས་ཆེ་རུ་གཏོང་བ། སྤྱི་ཁོག་སྲིད་ཇུས་ཀྱིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པའི་ཕན་འབྲས་ཆེ་རུ་གཏོང་བ་བཅས་བྱེད་དགོས། བྱ་བར་སྐུལ་འདེད་གཏོང་སྟངས་དང་བྱེད་ཐབས་ལ་མཐོང་ཆེན་བྱས་ནས་འགལ་བ་གཙོ་བོ་དམ་དུ་བཟུང་ནས་ཚོད་འཛིན་ལས་ཐར་ཐུབ་བྱེད་པ་དང་། སྔོན་དཔག་རང་བཞིན་གྱི་བཀོད་སྒྲིག་ལ་མཐོང་ཆེན་བྱས་ནས། སང་ལོའི་དཔལ་འབྱོར་བྱ་བའི་གཙོ་གནད་ལས་འགན་དོན་འཁྱོལ་ལ་འགན་ལེན་བྱེད་དགོས། དུས་རྣམ་ཀུན་ཏུ་འབད་འབུངས་ཡར་བརྩོན་གྱི་བསམ་པའི་འཁྱེར་སོ་དང“རྒྱལ་ཁབ་ཀྱི་དོན་ཆེན”སེམས་ལ་འཛིན་རྒྱུ་རྒྱུན་འཁྱོངས་བྱས་ནས། རང་འགན་གཙང་སྒྲུབ་དང་མཐུན་སྦྱོར་གཞོགས་འདེགས་ལ་ཤུགས་སྣོན་པ། སྣེ་ཁྲིད་རང་བཞིན་དང་རྒྱབ་རྩ་རང་བཞིན་ཆེ་བའི་བྱ་བར་འཆར་འགོད་ཡག་པོ་བྱས་ནས། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ནན་མོ་གཏོང་དགོས།
གྲོས་ཚོགས་སྟེང་ནན་གྱིས་བསྟན་དོན། ཏང་གི་ཕྱོགས་ཡོངས་ཀྱི་མགོ་ཁྲིད་རྒྱུན་འཁྱོངས་དང་དེར་ཤུགས་སྣོན་པ་དང་། ཏང་ཀྲུང་དབྱང་གི་དཔལ་འབྱོར་བྱ་བའི་སྐོར་གྱི་ཇུས་ཆོད་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་ནན་མོ་བྱེད་དགོས། ཇི་མ་ཇི་བཞིན་དོན་འཁྱོལ་བྱ་རྒྱུ་དམ་འཛིན་བྱས་ནས། མཐའ་མའི་ཕན་འབྲས་དེ་ཏང་ཀྲུང་དབྱང་གི་ཐབས་ཇུས་དགོངས་དོན་དང་འཚམ་རྒྱུར་འགན་ལེན་བྱེད་དགོས། ཐོག་ལྟར་དྲག་ལ་རླུང་ལྟར་མྱུར་བའི་སྒོ་ནས་དོན་འཁྱོལ་དམ་འཛིན་བྱས་ཏེ། དུས་ཚོད་དང་ཕན་འབྲས་གཅིག་གྱུར་གྱིས་དམ་འཛིན་བྱེད་དགོས། བདེན་འཚོལ་དོན་གཉེར་དང་དོན་འཁྱོལ་དམ་འཛིན་བྱས་ཏེ། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ཡོ་བསྲང་མཐའ་གཅིག་ཏུ་བྱེད་དགོས། སྒྲུབ་ཕོད་པ་དང་སྒྲུབ་མཁས་པའི་བསམ་ཕྱོགས་དོན་འཁྱོལ་བྱས་ནས། མི་བཀོལ་སྤྱོད་ཀྱི་ཁྲིད་ཕྱོགས་ཡང་དག་པ་རྒྱུན་འཁྱོངས་བྱེད་པ་དང་། རིམ་པ་སོ་སོའི་མགོ་ཁྲིད་ལས་བྱེད་པའི་ཧུར་བརྩོན་རང་བཞིན་དང་རང་རྟོགས་རང་བཞིན། གསར་གཏོད་རང་བཞིན་བཅས་འདོན་སྤེལ་གང་ལེགས་བྱེད་དགོས། བརྗོད་དོན་སློབ་གསོའི་གྲུབ་འབྲས་སྔར་ལས་སྲ་བརྟན་དང་རྒྱ་སྐྱེད་གཏོང་རྒྱུ་དེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཕན་འབྲས་སུ་བསྒྱུར་དགོས།
གྲོས་ཚོགས་སྟེང་ལོ་མཇུག་དང་ལོ་མགོར་གཙོ་གནད་དམངས་ཚིས་ཚོང་ཟོག་མཁོ་འདོན་ལ་འགན་ལེན་བྱེད་པ་དང་རིན་གོང་བརྟན་པོ་ཡོང་བར་བྱས་ནས། ཞིང་པ་ཞོར་ལས་པར་གླ་ཕོགས་འདང་ངེས་སྤྲོད་རྒྱུར་འགན་ལེན་བྱེད་པ་དང་། དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བར་སེམས་ཁུར་བྱེད་པ། བདེ་འཇགས་ཐོན་སྐྱེད་ཀྱི་འགན་འཁྲིའི་ལམ་ལུགས་དོན་འཁྱོལ་ནན་མོ་བྱེད་པ། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་དང་ལུས་ཕུང་བདེ་ཐང་ལ་སྲུང་སྐྱོབ་ཡག་པོ་བཅས་བྱེད་དགོས་པའི་བླང་བྱ་བཏོན།
གྲོས་ཚོགས་སྟེང་ཏང་ཡོངས་ཀྱིས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་སྔར་ལས་མཐུན་སྒྲིལ་དམ་ཟབ་བྱས་ནས། ཡིད་ཆེས་བརྟན་གཏོང་དང་གསར་འབྱེད་ཡར་བརྩོན་གྱིས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་འབེན་ལས་འགན་ཚང་མ་ཧུར་ཐག་གིས་མངོན་འགྱུར་བྱས་ཏེ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་བྱ་སྤྱོད་དངོས་དང་ཕན་འབྲས་ལ་བརྟེན་ནས། དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ལྡན་དུ་གཏོང་བ་དང་མི་རིགས་བསྐྱར་དར་གྱི་རླབས་ཆེན་བྱ་གཞག་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་ཆེད་བྱས་རྗེས་ཆེན་པོ་འཇོག་དགོས་པའི་འབོད་སྐུལ་བཏང་།
ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན་དང་ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་འབྲེལ་ཡོད་མགོ་ཁྲིད་བློ་མཐུན། རྒྱལ་སྲིད་ཨུ་ཡོན། ཆེས་མཐོ་མི་དམངས་ཁྲིམས་ཁང་གི་ཡོན་ཀྲང་། ཆེས་མཐོ་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་དཔོན་པོ། རྒྱལ་ཡོངས་སྲིད་གྲོས་ཀྱི་འབྲེལ་ཡོད་མགོ་ཁྲིད་བློ་མཐུན་དང་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་སོགས་ཚོགས་འདུར་ཞུགས།
ཞིང་ཆེན་དང་རང་སྐྱོང་ལྗོངས། ཐད་གཏོགས་གྲོང་ཁྱེར། འཆར་གཞི་ལོགས་བཀོད་གྲོང་ཁྱེར། ཞིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དམག་ཚོགས་ཀྱི་ཏང་སྲིད་འགན་འཁུར་བློ་མཐུན་གཙོ་བོ་དང་། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་འབྲེལ་ཡོད་སྡེ་ཁག་དང་འབྲེལ་ཡོད་མི་དམངས་ཚོགས་པ། ཀྲུང་དབྱང་གིས་དོ་དམ་བྱེད་ཀྱིན་པའི་དངུལ་རྩའི་ལས་ཁུངས་དང་ཁེ་ལས། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་ལས་ཁུངས་སྡེ་ཁག་གི་འགན་འཁུར་བློ་མཐུན་གཙོ་བོ་སོགས་ཚོགས་འདུར་ཞུགས།
བན་དེ་སྐྱབས་ཀྱིས་བསྒྱུར།