ཟླ་བཅུ་གཉིས་པའི་ཚེས་བཅུ་གཉིས་ཉིན། ཞིང་ཆེན་ཀྲུང་ཧྭ་ལས་རིགས་སློབ་གསོ་ཚོགས་པའི་འཐུས་མིའི་ཚོགས་ཆེན་ཐེངས་གསུམ་པ་བསྡུས། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་པད་ཁོ་ཚོགས་ཆེན་ལ་ཞུགས་ནས་གཏམ་བཤད། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ། ཀྲུང་གོ་གོ་མིན་ཏང་གསར་བརྗེ་ཨུ་ཡོན་ལྷན་ཁང་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཨུ་ཡོན་ལིའུ་ཐུང་ཏི་ཚོགས་ཆེན་ལ་ཞུགས་པ་དང་། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ། ཞིང་ཆེན་ཀྲུང་ཧྭ་ལས་རིགས་སློབ་གསོ་ཚོགས་པའི་ཀྲུའུ་རིན་ཝང་ཞོན་གྱིས་བྱ་བའི་སྙན་ཞུ་ཕུལ། ཚོགས་ཆེན་སྟེང་ཀྲུང་ཧྭ་ལས་རིགས་སློབ་གསོ་ཚོགས་པས་བསྐུར་བའི་རྟེན་འབྲེལ་འཕྲིན་ཡིག་དང་དམངས་གཙོ་ཏང་ཁག་སོ་སོའི་ཞིང་ཆེན་ཨུ་ཡོན་ལྷན་ཁང་། ཞིང་ཆེན་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས། མི་དམངས་ཚོགས་པ་སོ་སོ་བཅས་ཀྱིས་བསྐུར་བའི་རྟེན་འབྲེལ་འཕྲིན་ཡིག་སྒྲོག་འདོན་བྱས།
པད་ཁོ་ཡིས་ཞིང་ཆེན་ཏང་ཨུའི་ཚབ་བྱས་ཏེ་ཚོགས་ཆེན་བསྡུས་པར་རྟེན་འབྲེལ་ཞུས་པ་དང་། ཞིང་ཆེན་ཀྲུང་ཧྭ་ལས་རིགས་སློབ་གསོ་ཚོགས་པའི་ལོ་ལྔའི་རིང་གི་བྱ་བར་ཁས་ལེན་གང་ལེགས་བྱས། པད་ཁོ་ཡིས་བཤད་རྒྱུར། ཞིང་ཆེན་ལས་རིགས་སློབ་གསོ་ཚོགས་པའི་ཁོངས་མིའི་ཚོགས་ཆེན་ཐེངས་གཉིས་པའི་ཚུན་ལ། རྒྱ་ཆེའི་ཁོངས་མི་རྣམས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་བྱེད་པ་རྒྱུན་འཁྱོངས་བྱས་ཏེ། ལས་དོན་ཁག་སོ་སོར་གྲུབ་འབྲས་གསར་བ་བླངས་ཤིང་། མཚོ་སྔོན་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་བྱས་རྗེས་ཧུར་ཐག་བསྐྲུན། མིག་སྔར། ཞིང་ཆེན་ཡོངས་ཀྱི་གོང་འོག་ཚང་མ་བློ་བརྟན་འགྱུར་མེད་སྒོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཛུབ་སྟོན་གནང་བའི་ཁ་ཕྱོགས་བརྒྱུད་དེ། ཡིད་ཆེས་ཀྱིས་ཁེངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་མཚོ་སྔོན་གྱི་ལེའུ་རྩོམ་ཆེད་དཔའ་སྐྱེད་མདུན་སྐྱོད་བྱེད་ཀྱིན་ཡོད། ཞིང་ཆེན་ལས་རིགས་སློབ་གསོ་ཚོགས་པས་ཏང་གི་མགོ་ཁྲིད་རྒྱུན་འཁྱོངས་བྱེད་པའི་ཆབ་སྲིད་འགག་རྩ་ཁོང་དུ་ཡང་དག་པར་ཆུད་པར་བྱས་ཏེ། ཐོག་མཐའ་བར་གསུམ་དུ་ཚད་མཐོའི་ཆབ་སྲིད་ཀྱི་ཚོར་རྐྱེན་རང་བཞིན་དང་ཆབ་སྲིད་གསལ་འབྱེད་ནུས་པ་སྲུང་འཛིན་བྱས་ནས། ཏང་གི་ལམ་ཕྱོགས་བྱེད་ཕྱོགས་ཀྱི་སྲིད་ཇུས་ལས་རིགས་སློབ་གསོ་ཚོགས་པའི་བྱ་བའི་ཁྲོད་ནས་རྩ་བ་ཚུགས་པར་སྐུལ་འདེད་གཏོང་དགོས། ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་དེ་མང་ཚོགས་ཚོགས་པའི་ཆབ་སྲིད་ནུས་པ་དང་ལས་རིགས་སློབ་གསོ་ཚོགས་པའི་ཆེད་ལས་དགེ་མཚན་དུ་བརྩིས་ཏེ། སྤྱི་ཡོངས་ཀྱི་ཞབས་ཞུ་དང་། ཁོངས་མིའི་ཞབས་ཞུ། མང་ཚོགས་ཀྱི་ཞབས་ཞུ་བཅས་རྒྱུན་འཁྱོངས་བྱེད་པ་དང་། རང་ངོས་འཛུགས་སྐྲུན་ལ་ཤུགས་བསྣན་ནས། མཐུན་སྒྲིལ་སྣེ་ཁྲིད་སྒོས་རྒྱ་ཆེའི་ཁོངས་མིས་འབད་པ་ཆེན་པོས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གྱི་ལེའུ་འབྲི་བར་བྱས་རྗེས་གསར་བ་བསྐྲུན་དགོས་ཟེར།
ཚོགས་ཆེན་སྟེང་མཚོ་སྔོན་ཞིང་ཆེན་ཀྲུང་ཧྭ་ལས་རིགས་སློབ་གསོ་ཚོགས་པའི་སྐབས་གསུམ་པའི་ལས་གཉེར་ཨུ་ཡོན་ལྷན་ཁང་དང་མཚོ་སྔོན་ཞིང་ཆེན་གྱི་ཀྲུང་ཧྭ་ལས་རིགས་སློབ་གསོ་ཚོགས་པའི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་གསུམ་པའི་འཐུས་མི་བདམས་ཐོན་བྱུང་།
རིག་འཛིན་སྒྲོལ་མས་བསྒྱུར།