ས་དེའི་དུས་ཚོད་ཟླ12ཚེས12ཉིན་གྱི་ཕྱི་དྲོར། ཧི་ནེ་རུ་འབྱོར་མ་ཐག་པའི་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཡོ་ནན་གུང་ཁྲན་ཏང་ཀྲུང་དབྱང་གི་བཞུགས་གནས་སུ། ཡོ་ནན་གུང་ཁྲན་ཏང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་རོན་ཧྥུའུ་ཀྲུང་དང་གྲོས་མོལ་གནང་།
ས་དེའི་དུས་ཚོད་ཟླ12པའི་ཚེས12ཉིན་གྱི་ཕྱི་དྲོར། ཧི་ནེ་རུ་འབྱོར་མ་ཐག་པའི་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཡོ་ནན་གུང་ཁྲན་ཏང་ཀྲུང་དབྱང་ཡོད་ས་རུ། ཡོ་ནན་གུང་ཁྲན་ཏང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་རོན་ཧྥུའུ་ཀྲུང་དང་གྲོས་མོལ་གནང་། ཕྱོགས་གཉིས་ཀས་ཀྲུང་གོ་དང་ཡོ་ནན་ཏང་གཉིས་དང་རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་ངེས་གནས་གསར་པ་དང་། ཀྲུང་གོ་དང་ཡོ་ནན་གྱི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་རོགས་རེས་འབྲེལ་བ་ཇེ་ཟབ་ཏུ་གཏོང་བའི་རྨང་གཞིའི་སྟེང་དུ། འཐབ་ཇུས་ཀྱི་དོན་སྙིང་ལྡན་པའི་ཀྲུང་གོ་དང་ཡོ་ནན་གྱི་ལས་སྐལ་གཅིག་མཐུན་ཚོགས་པ་མཉམ་སྐྲུན་བྱེད་རྒྱུ་ཁྱབ་སྒྲོག་གནང་།
ཀྲུའུ་ཞིའི་བཞུགས་ཤག་གི་ཐང་ཆེན་དེ་བརྗིད་ཉམས་ཆེ་ལ་འཁྲུག་ཆ་དོད་པ་དང་། རྒྱལ་ཁབ་གཉིས་ཀའི་རྒྱལ་དར་ལ་བཀྲག་མདངས་འཚེར་ཞིང་། བྱིས་པ་བརྒྱ་ཕྲག་མང་པོས་དགའ་བའི་འཛུམ་ཕྱུང་ནས་དགའ་བསུ་ཞུས།
རོན་ཧྥུའུ་ཀྲུང་གིས་ཞི་ཅིན་ཕིང་ལ་དགའ་བསུ་ཞུ་བའི་མཛད་སྒོ་གཟབ་རྒྱས་བསྡུས།
ཞི་ཅིན་ཕིང་དང་ལྕམ་མོ་ཕིན་ལིས་ཡོན་རླངས་འཁོར་དུ་བཞུགས་ནས་དམིགས་སར་ཐོན་མ་ཐག རོན་ཧྥུའུ་ཀྲུང་བཟའ་ཟླ་གཉིས་ཀྱིས་རླངས་འཁོར་ལས་འབབ་སར་སྤྲོ་སེམས་འཁོལ་བའི་ངང་ཕེབས་བསུ་ཞུས་པ་དང་། ཡོ་ནན་གྱི་ལོ་ཆུང་བྱིས་པ་ཚོས་ཞི་ཅིན་ཕིང་བཟའ་ཟླ་གཉིས་ལ་གུས་འདུད་ཞུས་ནས་མེ་ཏོག་ཕུལ། ཏང་གཉིས་ཀྱི་སྤྱི་ཁྱབ་ཧྲུའུ་ཅིས་ཕྱོགས་གཉིས་ཀའི་ཕེབས་རོགས་མི་སྣར་ཕྱག་འཇུ་གནང་། ཞི་ཅིན་ཕིང་རོན་ཧྥུའུ་ཀྲུང་དང་མཉམ་དུ་གཟིགས་ཞིབ་སྟེགས་བུའི་སྟེང་ཕེབས་པ་ན། དམག་མིའི་རོལ་ཆས་རུ་ཁག་གིས་ཀྲུང་གོ་དང་ཡོ་ནན་རྒྱལ་ཁབ་གཉིས་ཀྱི་རྒྱལ་གླུ་དཀྲོལ་བ་དང་། གུས་ལུགས་སྒྱོགས་སྒྲ་ཉེར་གཅིག་གྲགས། རོན་ཧྥུའུ་ཀྲུང་གི་ཕེབས་རོགས་འོག་ཏུ། ཞི་ཅིན་ཕིང་གིས་གཟབ་སྦྲེང་རུ་ཁག་ལ་གཟིགས་ཞིབ་གནང་བ་དང་དམག་དཔུང་གི་རུ་སྟར་ལའང་གཟིགས།
དགའ་བསུ་ཞུ་བའི་མཛད་སྒོ་གྲོལ་རྗེས། ཞི་ཅིན་ཕིང་དང་རོན་ཧྥུའུ་ཀྲུང་རླངས་འཁོར་དུ་བཞུགས་ཏེ། ཡོ་ནན་གུང་ཁྲན་ཏང་ཀྲུང་དབྱང་ཡོད་སར་ཕེབས། ས་གནས་དེ་གའི་ལས་རིགས་སོ་སོའི་མང་ཚོགས་ཀྱིས་རྒྱལ་ཁབ་གཉིས་ཀའི་རྒྱལ་དར་ཕྱར་ནས་དགའ་བསུ་ཞུས་པ་དང་། ལམ་བར་དུ་སྤྲོ་སེམས་འཁོལ་བའི་རྣམ་པས་ཁེངས།
ཞི་ཅིན་ཕིང་གིས་རོན་ཧྥུའུ་ཀྲུང་དང་གྲོས་མོལ་གནང་།
ཞི་ཅིན་ཕིང་གིས་བསྟན་དོན། དུས་བཅད་ལྟར་ཡོ་ནན་ལ་འབྱོར་ནས་སྤྱི་ཁྱབ་ཧྲུའུ་ཅི་རོན་ཧྥུའུ་ཀྲུང་བར་གྱི་རེས་སྐོར་གསུམ་པའི་ཕན་ཚུན་འཚམས་འདྲི་ཡོངས་འགྲུབ་བྱ་ཐུབ་པར་དགའ་སྤྲོ་ཆེན་པོ་སྐྱེས་ཡོད། བློ་མཐུན་དང་སྤུན་ཟླའི་ངོས་ནས་བཤད་ན། ཡོ་ནན་གསར་སྒྱུར་སྒོ་འབྱེད་བྱས་ནས་ལོ40ཙམ་འཁོར་བ་དང་ཁྱད་པར་དུ། ཡོ་ནན་གུང་ཁྲན་ཏང་གི་ཚོགས་ཆེན་ཐེངས་བཅུ་གསུམ་པ་འཚོགས་པའི་ཚུན་ལ་ཐོབ་པའི་འཕེལ་རྒྱས་ཀྱི་གྲུབ་འབྲས་ལ་ང་ཚོ་སྙིང་ཁོང་ནས་དགའ་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཡོ་ནན་གྱིས་སྤྱི་ཚོགས་རིང་ལུགས་ཀྱི་འཛུགས་སྐྲུན་ལས་དོན་ལ་མུ་མཐུད་སྐུལ་འདེད་གཏོང་རྒྱུར་བློ་བརྟན་འགྱུར་མེད་ངང་རྒྱབ་སྐྱོར་བྱེད་ཀྱིན་ཡོད། སྤྱི་ཁྱབ་ཧྲུའུ་ཅི་རོན་ཧྥུའུ་ཀྲུང་གཙོ་བྱས་པའི་ཡོ་ནན་གུང་ཁྲན་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་མགོ་ཁྲིད་འོག་ཏུ། ཡོ་ནན་གྱི་ཏང་དང་སྲིད་གཞུང་གིས་ཡོ་ནན་གུང་ཁྲན་ཏང་གི་ཚོགས་ཆེན་ཐེངས་བཅུ་གསུམ་པས་བཏོན་པའི་ལས་འགན་ཁག་བདེ་བླག་ངང་ཡོངས་འགྲུབ་བྱས་ནས། ཡོ་ནན་གྱི་ཏང་འཛུགས་རྒྱལ་འཛུགས་ཀྱི“ལོ་བརྒྱ་གཉིས”ཀྱི་འབད་འཐབ་དམིགས་འབེན་མངོན་འགྱུར་ཡོང་ཆེད་རྨང་གཞི་བརྟན་པོ་འདིང་ཐུབ་པར་ཡིད་ཆེས་ཡོད།
ཞི་ཅིན་ཕིང་གིས་ཀྲུང་གོ་དང་ཡོ་ནན་རྒྱལ་ཁབ་གཉིས་ཀས་རང་རང་སོ་སོའི་རྒྱལ་ཁབ་རང་བཙན་དང་མི་རིགས་བཅིངས་འགྲོལ་བརྩོན་ལེན་བྱེད་ཀྱིན་པའི་འཐབ་རྩོད་ཁྲོད་ཕན་ཚུན་རྒྱབ་སྐྱོར་བྱེད་རྒྱུ་དང་། ཕན་ཚུན་བཅོས་སྒྱུར་སྒོ་འབྱེད་བྱེད་པ། གསར་སྒྱུར་ལས་དོན་ཁྲོད་ཕན་ཚུན་སློབ་སྦྱོང་དང་ཕན་ཚུན་དཔྱད་གཞིར་འཛིན་པ། “ཡོནན་དང་ཀྲུང་གོའི་ཕུ་ནུ་ལྟ་བའི་འདང་བརྩེ་ནི”རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་མངོན་སྟངས་གསོན་ཉམས་ཅན་ཡིན། ཀྲུང་གོ་ཕྱོགས་ཀྱིས་ཐོག་མཐའ་བར་གསུམ་དུ་འཐབ་ཇུས་ཀྱི་མཐོ་ཚད་དང་ཡུན་རིང་གི་ཟུར་ཚད་ནས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བར་ལྟ་སྟངས་ཡང་དག་འཛིན་གྱིན་ཡོད། དེང་སྐབས། འཛམ་གླིང་གི་འགྱུར་ལྡོག་དང་དུས་རབས་ཀྱི་འགྱུར་བ། ལོ་རྒྱུས་ཀྱི་འགྱུར་ལྡོག་བཅས་སྔར་བྱུང་མ་མྱོང་བའི་ངོས་ནས་འཕེལ་བཞིན་ཡོད། ཀྲུང་གོ་དང་ཡོ་ནན་གྱི་ཏང་གཉིས་ནི་འཛམ་གླིང་གི་སྲིད་འཛིན་པའི་གུང་ཁྲན་ཏང་ཆེན་པོ་གཉིས་ཡིན་པའི་ངོས་ནས། གཉིས་ཀས་མར་ཁེ་སི་རིང་ལུགས་རྒྱུན་འཁྱོངས་དང་དེ་འཕེལ་རྒྱས་སུ་གཏོང་བ་དང་། གཉིས་ཀས་བློ་བརྟན་འགྱུར་མེད་ངང་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་རྒྱུན་འཁྱོངས་བྱེད་པ། གཉིས་ཀས་རང་སོ་སོའི་རྒྱལ་ཁབ་ལ་མགོ་ཁྲིད་བྱས་ནས་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་བྱེད་པ། འཛམ་གླིང་གི་སྤྱི་ཚོགས་རིང་ལུགས་ཀྱི་སྟོབས་ཤུགས་ཆེ་རུ་གཏོང་རྒྱུ་དང་རང་རང་སོ་སོའི་སྤྱི་ཚོགས་རིང་ལུགས་ཀྱི་འཛུགས་སྐྲུན་ལས་དོན་བརྟན་པོའི་ངང་སྒྲུབ་པར་འགན་ལེན་བྱ་རྒྱུའི་མཐོ་ཚད་ནས། ཀྲུང་གོ་དང་ཡོ་ནན་གྱི་འབྲེལ་བའི་དམིགས་བསལ་འཐབ་ཇུས་དོན་སྙིང་ལ་སྟངས་འཛིན་བྱས་ཏེ། ཀྲུང་གོ་དང་ཡོ་ནན་གྱི་ལས་སྐལ་གཅིག་མཐུན་ཚོགས་པ་བསྐྲུན་རྒྱུར་སྐུལ་འདེད་ནན་མོ་གཏོང་དགོས། ཕྱོགས་གཉིས་ཀའི་ཐུན་མོང་གི་འབད་བརྩོན་འོག་ཏུ། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་དེ་ཆབ་སྲིད་ཀྱི་ཡིད་ཆེས་སྔར་ལས་ཆེ་བ་དང་བདེ་འཇགས་མཉམ་ལས་སྔར་ལས་བརྟན་པོ་ཡིན་པ། གཉིས་ཕན་མཉམ་ལས་སྔར་ལས་དམ་ཟབ་ཡིན་པ། དམངས་འདོད་ཀྱི་རྨང་གཞི་སྔར་ལས་བརྟན་པ། ཕྱོགས་མང་མཐུན་སྦྱོར་དང་གཞོགས་འདེགས་སྔར་ལས་དམ་པ། འགལ་བ་དོ་དམ་དང་ཐག་གཅོད་སྔར་ལས་ལེགས་པ་བཅས་ཀྱི་དུས་རིམ་གསར་པར་སླེབས་པར་བྱས་ནས། རྒྱལ་ཁབ་གཉིས་ཀའི་སྤྱི་ཚོགས་རིང་ལུགས་ཀྱི་འཛུགས་སྐྲུན་ལས་དོན་ལ་གྲུབ་འབྲས་གསར་པ་ཟམ་མི་ཆད་པར་ལེན་པ་ལས་གཞན། ས་ཁུལ་དང་ཐ་ན་འཛམ་གླིང་གི་བརྟན་བརླིང་དང་འཕེལ་རྒྱས། དར་རྒྱས་བཅས་ཀྱི་ཆེད་དུ་བྱས་རྗེས་ཆེན་པོ་འཇོག་ཐུབ་པའི་ཡིད་ཆེས་ཡོད་ཅེས་ནན་གྱིས་གསུངས།
ཞི་ཅིན་ཕིང་གིས་ཀྲུང་གོ་དང་ཡོ་ནན་གྱི་ལས་སྐལ་གཅིག་མཐུན་ཚོགས་པ་བསྐྲུན་རྒྱུའི་ཐད་གྲོས་གཞི་འགའ་བཏོན།
ཆབ་སྲིད་ཐད་ཁ་ཕྱོགས་ཡང་དག་འཛིན་དགོས། མཐོ་རིམ་གྱི་འཐབ་ཇུས་སྣེ་ཁྲིད་རྒྱུན་འཁྱོངས་བྱས་ཏེ། ཏང་སྐྱོང་རྒྱལ་སྐྱོང་གི་ཉམས་མྱོང་བརྗེ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་རྒྱུར་ཤུགས་བསྣན་ནས། གུང་ཁྲན་ཏང་གི་སྲིད་འཛིན་ཆོས་ཉིད་དང་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་གྱི་ཆོས་ཉིད། མིའི་རིགས་ཀྱི་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཆོས་ཉིད་བཅས་ཀྱི་ཐུན་མོང་ངོས་འཛིན་ཇེ་དྲག་ཏུ་གཏོང་དགོས། ཕན་ཚུན་གྱི་ཁེ་ཕན་གཙོ་བོ་དང་འབྲེལ་བ་ཡོད་པ་དང་དོ་ཁུར་བྱེད་པའི་གནད་དོན་གལ་ཆེན་ཐད་བློ་བརྟན་འགྱུར་མེད་ངང་ཕན་ཚུན་རྒྱབ་སྐྱོར་བྱས་ནས། མཉམ་དུ་རྒྱལ་སྤྱིའི་དྲང་གཞག་དྲང་བདེན་ལ་སྲུང་སྐྱོབ་བྱེད་དགོས།
བདེ་འཇགས་ཐད་ཕན་ཚུན་ཡིད་ཆེས་བྱེད་ཤུགས་ཆེ་རུ་གཏོང་དགོས། རྒྱལ་ཁབ་ཀྱི་ཆབ་སྲིད་བདེ་འཇགས་ལ་སྲུང་སྐྱོབ་བྱ་རྒྱུ་དེ་གནས་བབ་གཙོ་བོར་བཞག་ནས། སྤྱི་ཚོགས་རིང་ལུགས་ཀྱི་དར་དམར་གྱི་རང་མདངས་མི་འགྱུར་བར་འགན་ལེན་བྱས་ཏེ། ཆབ་སྲིད་བདེ་འཇགས་ཀྱི་ཉེན་ཁ་སྣ་ཚོགས་ལ་ནུས་ཤུགས་ཡོད་རྒུས་དོགས་ཟོན་དང་ཁྱད་སེལ། བཀག་འགོག་བཅས་བྱེད་དགོས། ཀྲུང་གོ་ཕྱོགས་ཀྱིས་ཡོ་ནན་གྱིས་སྤྱི་ཚོགས་བརྟན་བརླིང་དང་མི་རིགས་མཐུན་སྒྲིལ་ལ་སྲུང་སྐྱོབ་བྱ་རྒྱུར་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱ་རྒྱུ་ཡིན། ཡོ་ནན་ཕྱོགས་ཀྱིས་ཀྲུང་གོས་ཕྱི་ཕྱོགས་ཀྱི་ཐེ་གཏོགས་ལ་ངོ་རྒོལ་བྱེད་པ་དང་རྒྱལ་ཁབ་གཅིག་གྱུར་གྱི་ལས་དོན་ཆེན་པོར་བློ་བརྟན་འགྱུར་མེད་ངང་སྐུལ་འདེད་གཏོང་རྒྱུར་མུ་མཐུད་རྒྱབ་སྐྱོར་བྱ་རྒྱུའི་ཡིད་ཆེས་ཡོད།
དངོས་གཉེར་མཉམ་ལས་ཐད་སྤུས་འདེགས་རིམ་སྤོར་བྱེད་དགོས། ཀྲུང་གོའི་མི་དམངས་དུང་ཕྱུར་བཅུ་བཞི་ལྷག་ཙམ་སྤྱིའི་ཆ་ནས་དེང་རབས་ཅན་གྱི་ཕྱོགས་སུ་སྐྱོད་ཀྱིན་པ་དེ་ནི། ཀྲུང་གོས་འཛམ་གླིང་ལ་བསྐྲུན་པའི་གོ་སྐབས་ཆེན་པོ་ཞིག་ཡིན་པས། ཀྲུང་གོ་ཕྱོགས་ཀྱིས་ཡོ་ནན་གྱི་བློ་མཐུན་དང་མཉམ་དུ་གོ་སྐབས་མཉམ་སྤྱོད་དང་མཉམ་དུ་འཕེལ་རྒྱས་དོན་གཉེར་བྱེད་འདོད་ཡོད། ཡོ་ནན་ཕྱོགས་ཀྱིས་སྤུས་ཚད་མཐོ་བའི་ངང“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་དང་འབྲེལ་བའི་འགུལ་སྐྱོད་བརྒྱད་དང་འབྲེལ་མཐུད་ཧུར་ཐག་བྱས་ནས། གཞི་གྲངས་དཔལ་འབྱོར་དང་ལྗང་མདོག་འཕེལ་རྒྱས་སོགས་གསར་དར་ཁྱབ་ཁོངས་ཀྱི་མཉམ་ལས་རྒྱ་སྐྱེད་གཏོང་རྒྱུར་དགའ་བསུ་ཞུ་རྒྱུ་ཡིན། ཕྱོགས་གཉིས་ཀས《ས་ཁོངས་ཀྱི་ཕྱོགས་ཡོངས་ཀྱི་དཔལ་འབྱོར་རོགས་རེས་འབྲེལ་བའི་གྲོས་ཆོད》མཉམ་དུ་ལག་བསྟར་ཡག་པོ་བྱས་ནས། འཛམ་གླིང་ཧྲིལ་པོའི་རང་མོས་ཚོང་དོན་མ་ལག་ལ་སྲུང་སྐྱོབ་བྱས་ཏེ། བདེ་འཇགས་བརྟན་བརླིང་དང་གེགས་མེད་ཤར་གཏོང་། ཕན་འབྲས་ཆེ་བ། སྒོ་འབྱེད་དཀྱེལ་ཡངས། གཉིས་ཕན་གཉིས་རྒྱལ་བཅས་ཀྱི་འཛམ་གླིང་ཧྲིལ་པོའི་ཐོན་ལས་ཕྲེང་འབྲེལ་ཅིག་བསྐྲུན་དགོས། ཀྲུང་གོ་ཕྱོགས་ཀྱིས་དངོས་ཤུགས་ཡོད་པའི་ཀྲུང་གོའི་ཁེ་ལས་ཡོ་ནན་དུ་སོང་ནས་དངུལ་གཏོང་ལས་སྐྲུན་བྱེད་པར་སྐུལ་འདེད་གཏོང་རྒྱུ་ཡིན་ལ། ཡོ་ནན་ཕྱོགས་ཀྱིས་ཀྲུང་གོའི་ཁེ་ལས་ལ་ཚོང་གཉེར་གྱི་ཁོར་ཡུག་བཟང་པོ་ཞིག་བསྐྲུན་རྒྱུའི་རེ་བ་ཡོད།
དམངས་འདོད་རྨང་གཞིའི་ཐད་མ་དངུལ་གཏོང་ཚད་ཇེ་མང་དུ་གཏོང་དགོས། ཀྲུང་གོ་དང་ཡོ་ནན་གྱི་མཉམ་ལས་དེ་ཞིང་ལས་དང་སློབ་གསོ། སྨན་བཅོས་སོགས་དམངས་ཚིསཁྱབ་ཁོངས་ལ་ཕྱོགས་དགོས་པ་དང་། ན་གཞོན་དང་ཡུལ་སྐོར།ས་གནས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་དགོས་ལ། རྒྱལ་ཁབ་གཉིས་ཀའི་མང་ཚོགས་ཀྱིས་ཀྲུང་གོ་དང་ཡོ་ནན་གྱི་ལས་སྐལ་གཅིག་མཐུན་ཚོགས་པ་དང་། ཏང་གཉིས་དང་རྒྱལ་ཁབ་གཉིས་ཀའི་སྲོལ་རྒྱུན་མཛའ་མཐུན་ཤེས་རྟོགས་བྱེད་ཚད་སྔར་ལས་ཇེ་མང་དུ་གཏོང་དགོས་པ་ལས་གཞན། གཞོན་རབས་པའི་བར་གྱི་བརྩེ་སེམས་ཇེ་ཟབ་ཏུ་བཏང་ནས། ཀྲུང་གོ་དང་ཡོ་ནན་གྱི་མཛའ་མཐུན་དམངས་འདོད་རྨང་གཞི་སྔར་ལས་ཇེ་བརྟན་དུ་གཏོང་དགོས།
རྒྱལ་སྤྱི་དང་ས་ཁུལ་གྱི་གནད་དོན་ཐད་རོགས་ལས་དམ་ཟབ་བྱེད་དགོས། ཀྲུང་གོ་དང་ཡོ་ནན་རྒྱལ་ཁབ་གཉིས་ལ་འཛམ་གླིང་སྐྱེ་བོ་ཀུན་གྱིས་དོ་སྣང་བྱེད་ཀྱིན་པའི་འཕེལ་རྒྱས་ཀྱི་གྲུབ་འབྲས་ཐོབ་དོན་ནི། རང་ཉིད་ཀྱིས་འབད་འཐབ་ཧུར་ཐག་བྱས་པའི་འབྲས་བུ་ཡིན་ལ། སྒོ་འབྱེད་དཀྱེལ་ཡངས་ཀྱི་འཛམ་གླིང་ཞིག་དང་ལྷག་པར་དུ་ཞི་བདེ་བརྟན་བརླིང་གི་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་གྱི་ཁོར་ཡུག་ལས་བྱུང་བ་ཞིག་ཀྱང་ཡིན། ཀྲུང་གོས་གཞན་པ་ཕྱིར་ཕུད་པའི་སྦྱོར་བ་ཆུང་ངུ་མི་རྩོམ་པ་དང་ཚོགས་པའི་ཆབ་སྲིད་མི་གཉེར་བ། དཔུང་ཁག་གི་འགྲན་ཟླར་མི་ལངས་པ་བཅས་བྱས་ཏེ། ཡོ་ནན་བར་གྱི་ཕྱོགས་མང་མཉམ་ལས་ལ་ཤུགས་སྣོན་པ་དང་ཕྱོགས་མང་རིང་ལུགས་ངོ་མར་སྲུང་སྐྱོབ་བྱས་ནས། རྒྱལ་སྤྱིའི་ལས་དོན་ཁྲོད་ཀྱི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་སྐད་ཆ་བཤད་དབང་དང་ཤུགས་རྐྱེན་ཐེབས་ཤུགས་མངོན་སུམ་གྱིས་ཆེ་རུ་གཏོང་འདོད་ཡོད།
རྒྱ་མཚོ་དང་འབྲེལ་བའི་གནད་དོན་ཐད། མི་མཐུན་པའི་ཆར་དོ་དམ་ཚོད་འཛིན་བྱེད་དགོས། ཕྱོགས་གཉིས་ཀས་མཚོ་ཐོག་མཉམ་ལས་ལས་གཞི་སྔར་ལས་གང་མང་འཚོལ་ཞིབ་གང་ལེགས་བྱས་ནས། མཚོ་ཐོག་ཐུན་མོང་ཐོག་གསར་སྤེལ་བྱ་རྒྱུར་སྐུལ་འདེད་ཧུར་ཐག་བཏང་སྟེ། མཚོ་ཐོག་གནད་དོན་ལས་བྱུང་བའི་འགྲན་སློང་དེ་ཕྱོགས་གཉིས་ཀའི་མཉམ་ལས་གཏིང་ཟབ་ཏུ་གཏོང་བའི་གོ་སྐབས་སུ་འགྱུར་བར་བྱེད་དགོས་ཞེས་གསུངས།
རོན་ཧྥུའུ་ཀྲུང་གིས་ཡོ་ནན་ཕྱོགས་ཀྱིས་ཀྲུང་གོ་གཅིག་གི་རྩ་དོན་བརྩི་སྲུང་མཐའ་གཅིག་ཏུ་བྱས་ནས། ཐའེ་ཝན་ནི་ཀྲུང་གོའི་མངའ་ཁོངས་བསྙོན་མེད་ཅིག་ཡིན་པ་ཁས་ལེན་བྱེད་ཀྱིན་ཡོད་པ་དང་། ཀྲུང་གོའི་གཅིག་གྱུར་གྱི་ལས་དོན་ཆེན་པོར་རྒྱབ་སྐྱོར་བྱེད་ཀྱིན་ཡོད་ལ། རྣམ་པ་གང་རུང་གི“ཐའེ་ཝན་རང་བཙན”གྱི་ཁ་བྲལ་བསམ་སྦྱོར་ལ་ངོ་རྒོལ་མཐའ་གཅིག་ཏུ་བྱ་རྒྱུ་ཡིན། ཞང་ཀང་དང་ཞིན་ཅང་། བོད་བཅས་དང་འབྲེལ་བའི་གནད་དོན་ནི་ཀྲུང་གོའི་ནང་སྲིད་ཡིན་པས། ཡོ་ནན་ཕྱོགས་ཀྱིས་སྟོབས་ཤུགས་གང་རུང་གིས་ཀྲུང་གོའི་ནང་སྲིད་ལ་ཐེ་གཏོགས་བྱེད་པར་ངོ་རྒོལ་བྱས་ནས། ཀྲུང་གོས་བརྟན་བརླིང་དང་འཕེལ་རྒྱས། དར་རྒྱས་བཅས་རྒྱུན་འཁྱོངས་བྱེད་ཐུབ་པར་རེ་ལྟོས་དང་ཡིད་ཆེས་ཡོད་ཅེས་བསྟན།
གྲོས་མོལ་གྱི་རྗེས་སུ། ཏང་གཉིས་ཀྱི་སྤྱི་ཁྱབ་ཧྲུའུ་ཅིས་ཕྱོགས་གཉིས་ཀས་བཀོད་པའི་མཉམ་ལས་ཀྱི་ཡིག་ཆ་མང་བོ་བསྟན་པར་བདེན་དཔང་བྱས། མཉམ་ལས་ཡིག་ཆར“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་དང་། ནད་ཡམས་ཞིབ་དཔྱད་དང་ཞིབ་བཤེར། འཕེལ་རྒྱས་མཉམ་ལས། གཞི་གྲངས་དཔལ་འབྱོར། ལྗང་མདོག་འཕེལ་རྒྱས། འགྲིམ་འགྲུལ་སྐྱེལ་འདྲེན། ས་གནས་མཉམ་ལས། འགོག་སྲུང་དང་ཁྲིམས་འཛིན་བདེ་འཇགས་མཉམ་ལས། མཚོ་ཐོག་མཉམ་ལས་སོགས་ཁྱབ་ཁོངས་སུམ་ཅུ་ལྷག་ཙམ་ཚུད་ཡོད།
རོན་ཧྥུའུ་ཀྲུང་གིས་ཞི་ཅིན་ཕིང་གདན་དྲངས་ནས་ཇ་འཐུང་ཞོར་དུ་གླེང་མོལ་གནང་། ཏང་གཉིས་ཀྱི་སྤྱི་ཁྱབ་ཧྲུའུ་ཅིས་བག་ཕེབས་མཛའ་མཐུན་གྱི་རྣམ་པའི་ཁྲོད་མུ་མཐུད་འབྲེལ་གཏུག་དམ་ཟབ་གནང་།
སྤྱི་ཁྱབ་ཧྲུའུ་ཅི་གཉིས་ཀས་རྒྱལ་ཁབ་གཉིས་ནི་མཛའ་མཐུན་ཁྱིམ་མཚེས་རྒྱལ་ཁབ་ཡིན་པའི་ངོས་ནས་ཕུགས་བསམ་གཅིག་མཚུངས་དང་འདུ་ཤེས་གཅིག་མཐུན་ཡིན་པ་དང་། ཁྱིམ་མཚེས་བཟང་པོ་དང་ཟླ་གྲོགས་བཟང་པོ། གཅེན་གཅུང་བཟང་པོ། བློ་མཐུན་བཟང་པོ་བཅས་ཡིན་པའི་རྒྱལ་ཁབ་གཉིས་བར་འཐབ་ཇུས་ཀྱི་དོན་སྙིང་ལྡན་པའི་ལས་སྐལ་གཅིག་མཐུན་ཚོགས་པ་བསྐྲུན་པར་ཕྱོགས་གང་ཅིའི་ཐད་ཀྱི་དམིགས་བསལ་ལེགས་ཆ་ལྡན། ཕྱོགས་གཉིས་ཀས་མགོ་ཁྲིད་རྒན་རབས་པས་བཞག་པའི་སྲོལ་རྒྱུན་གྱི་མཛའ་མཐུན་རྒྱུན་འཛིན་བྱས་ཏེ། མཉམ་དུ་ལས་སྐལ་གཅིག་མཐུན་ཚོགས་པ་བསྐྲུན་རྒྱུར་འབད་བརྩོན་བྱས་ནས། རང་སོ་སོའི་དེང་རབས་ཅན་གྱི་བགྲོད་ལམ་སྟེང་ཡག་པོ་བསྐྱོད་དེ། གཉིས་ཕན་མཉམ་རྒྱལ་བྱེད་པ་དང་རྒྱལ་ཁབ་གཉིས་ཀའི་མི་དམངས་ལ་བདེ་སྐྱིད་བསྐྲུན་དགོས་ལ། ས་ཁུལ་གྱི་ཞི་བདེ་དང་དར་རྒྱས་ཀྱི་ཆེད་དུ་དགེ་མཚན་ལྡན་པའི་བྱས་རྗེས་འཇོག་དགོས་ཞེས་བསྟན།
ཕྱོགས་གཉིས་ཀས《ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་རོགས་རེས་འབྲེལ་བ་སྔར་ལས་ཟབ་སྤེལ་དང་རིམ་སྤོར་བྱས་ནས། འཐབ་ཇུས་ཀྱི་དོན་སྙིང་ལྡན་པའི་ཀྲུང་གོ་དང་ཡོ་ནན་གྱི་ལས་སྐལ་གཅིག་མཐུན་ཚོགས་པ་བསྐྲུན་པའི་སྐོར་གྱི་མཉམ་འབྲེལ་གསལ་བསྒྲགས》སྤེལ་རྒྱུར་མོས་མཐུན་གནང་།
ཉིན་དེའི་དགོང་མོ་ཡོ་ནན་གུང་ཁྲན་ཏང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་རོན་ཧྥུའུ་ཀྲུང་བཟའ་ཟླ་གཉིས་དང་། ཡོ་ནན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཝུའུ་ཝུན་ཧྲང་བཟའ་ཟླ་གཉིས་ཀྱིས་མཉམ་དུ་ཞི་ཅིན་ཕིང་དང་ཕིན་ལིས་ཡོན་ལ་དགའ་བསུ་ཞུ་བའི་གསོལ་སྟོན་བཤམས། ཡོ་ནན་གུང་ཁྲན་ཏང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན་དང་། ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་སོགས་མཐོ་རིམ་མགོ་ཁྲིད་མི་སྣ་ཚང་མ་མཉམ་དུ་གསོལ་སྟོན་སྟེང་ཞུགས།
ཚའེ་ཆི་དང་ཝང་དབྱི། ཝང་ཞའོ་ཧུང་སོགས་གོང་གསལ་གྱི་བྱེད་སྒོར་ཞུགས།
བན་དེ་སྐྱབས་ཀྱིས་བསྒྱུར།