ཞི་ཅིན་ཕིང་གིས་ཡོ་ནན་རྒྱལ་ཚོགས་ཀྱི་ཀྲུའུ་ཞི་ཝང་ཐེན་ཧུའེ་ལ་མཇལ་འཕྲད་གནང་།
2023.12.13 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 14

ས་དེའི་དུས་ཚོད་ཟླ12པའི་ཚེས13ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧི་ནེ་རུ་ཡོ་ནན་རྒྱལ་ཚོགས་ཀྱི་ཀྲུའུ་ཞི་ཝང་ཐེན་ཧུའེ་ལ་མཇལ་འཕྲད་གནང་།

ས་དེའི་དུས་ཚོད་ཟླ12པའི་ཚེས13ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧི་ནེ་རུ་ཡོ་ནན་རྒྱལ་ཚོགས་ཀྱི་ཀྲུའུ་ཞི་ཝང་ཐེན་ཧུའེ་ལ་མཇལ་འཕྲད་གནང་།

ཞི་ཅིན་ཕིང་རྒྱལ་ཚོགས་ཀྱི་ཐོག་ཁང་དུ་འབྱོར་སྐབས་ཝང་ཐེན་ཧུའེ་དང་ཡོ་ནན་གྱི་ལས་རིགས་ཁག་གི་འཐུས་མིས་སྤྲོ་སེམས་འཁོལ་བའི་ངང་དགའ་བསུ་ཞུས།

ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོ་དང་ཡོ་ནན་གྱི་ཆབ་སྲིད་ལམ་ལུགས་གཅིག་མཚུངས་ཡིན་པ་དང་། ཕུགས་བསམ་དང་དད་སེམས་གཅིག་མཐུན་ཡིན་ལ། མདུན་ལམ་དང་ལས་དབང་དམ་དུ་འབྲེལ་ཡོད་པས། ཕྱོགས་གཉིས་ཀྱི་འབྲེལ་བས་རང་སོ་སོའི་ཏང་དང་རྒྱལ་ཁབ་ཀྱི་ཕྱི་ཕྱོགས་འབྲེལ་བའི་ཁྲོད་དམིགས་བསལ་གྱི་གོ་གནས་བཟུང་ཡོད། འབྲེལ་བ་བཙུགས་ནས་ལོ73རིང་ཀྲུང་གོ་དང་ཡོ་ནན་གྱི་སྲོལ་རྒྱུན་མཛའ་མཐུན་དེ་རྒྱལ་ཁབ་རང་བཙན་དང་མི་རིགས་བཅིངས་ འགྲོལ་ལས་དོན་བརྩོན་ལེན་བྱེད་པའི་ཁྲོད་ཀྱི་ཕན་ཚུན་རྒྱབ་སྐྱོར་དང་རོགས་རམ་ཁྲོད་མཐོར་འདེགས་ཕྱིན་པ་དང་། ཕྱོགས་གཉིས་ཀྱིས་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་ཁྱོན་ཡོངས་ཀྱི་འཐབ་ཇུས་མཉམ་ལས་ཁྲོད་གཏིང་ཟབ་ཏུ་ཕྱིན་ཡོད། ད་ལོ་ནི་ཀྲུང་གོ་དང་ཡོ་ནན་བར་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་རོགས་རེས་འབྲེལ་བ་བཙུགས་ནས་ལོ15འཁོར་བའི་ལོ་ཡིན། ཁ་སང་ངས་སྤྱི་ཁྱབ་ཧྲུའུ་ཅི་རོན་ཧྥུའུ་ཀྲུང་དང་ལྷན་དུ་འཐབ་ཇུས་ཀྱི་དོན་སྙིང་ལྡན་པའི་ཀྲུང་གོ་དང་ཡོ་ནན་གྱི་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་རྒྱུ་ཁྱབ་བསྒྲགས་བྱས་པ་དང་། ཕྱི་ཕྱོགས་ལ་ཀྲུང་གོ་དང་ཡོ་ནན་ཏེ་སྤྱི་ཚོགས་རིང་ལུགས་ཀྱི་རྒྱལ་ཁབ་གཉིས་ཀྱིས་མཐུན་སྒྲིལ་མཛའ་མཐུན་དང་ལག་གདང་སྦྲེལ་ནས་འཕེལ་རྒྱས་གཏོང་བའི་དགེ་མཚན་ལྡན་པའི་བརྡ་རྟགས་བཏང་བ་ཡིན།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། དུས་བབ་གསར་པའི་འོག་ཕྱོགས་གཉིས་ཀྱིས་འཐབ་ཇུས་ཀྱི་མཐོ་ཚད་དང་ཡུན་རིང་གི་ཟུར་ཚད་ནས་ཀྲུང་གོ་དང་ཡོ་ནན་གྱི་འབྲེལ་བར་མུ་མཐུད་དུ་ལྟ་སྟངས་འཛིན་པ་དང་། མཛའ་མཐུན་མཉམ་ལས་ཀྱི་བགྲོད་ལམ་བརྒྱུད་ནས་བློ་བརྟན་འགྱུར་མེད་ངང་མདུན་སྐྱོད་བྱེད་དགོས།

གཅིག་ནས་ཕྱོགས་གཉིས་ཀྱི་འབྲེལ་བར་སྣེ་ཁྲིད་ཡག་པོ་བྱེད་དགོས། ཀྲུང་གོ་དང་ཡོ་ནན་གྱི་འབྲེལ་བ་འཕེལ་རྒྱས་གཏོང་བའི་སྲོལ་རྒྱུན་བཟང་པོ་དང་བྱེད་ཐབས་བཟང་པོ་ཕྱོགས་སྡོམ་ནན་ཏན་བྱེད་པ་དང་། མཐོ་རིམ་གྱི་འཐབ་ཇུས་འབྲེལ་མཐུད་ལ་ཤུགས་སྣོན་པ། ཏང་སྐྱོང་རྒྱལ་སྐྱོང་གི་ཉམས་མྱོང་བརྗེ་རེས་དམ་ཟབ་བྱེད་པ། སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་གྱི་རིགས་པའི་གཞུང་ལུགས་དང་ལག་ལེན་འཚོལ་ཞིབ་དང་ཕུན་སུམ་ཇེ་ཚོགས་སུ་གཏོང་བ། ཕྱོགས་གཉིས་ཀྱི་ཐུན་མོང་གི་འཐབ་ཇུས་ཁེ་ཕན་ལ་སྲུང་སྐྱོང་བཅས་བྱས་ནས་ཕྱོགས་གཉིས་ཀྱི་འབྲེལ་བ་ཐོག་མཐའ་བར་གསུམ་དུ་ཡང་དག་པའི་བགྲོད་ལམ་སྟེང་མདུན་སྐྱོད་བྱེད་པར་འགན་ལེན་བྱེད་དགོས།

གཉིས་ནས་དངོས་གཉེར་མཉམ་ལས་ལ་སྐུལ་འདེད་ཡག་པོ་གཏོང་དགོས། ཀྲུང་གོ་དང་ཡོ་ནན་གཉིས་ཀ་བཅོས་སྒྱུར་འཕེལ་རྒྱས་ཀྱི་འགག་རྩའི་དུས་མཚམས་སུ་གནས་པ་དང་། གཉིས་ཕན་མཉམ་ལས་སྤེལ་བར་ལྷན་སྐྱེས་ཀྱི་ལེགས་ཆ་ལྡན་ལ། དངོས་ཡོད་ཀྱི་དགོས་མཁོ་ཡང་ཡིན་པས། ཕྱོགས་གཉིས་ཀྱིས་ད་ཐེངས་ཀྱི་འཚམས་འདྲིའི་གྲུབ་འབྲས་དོན་འཁྱོལ་ཡག་པོ་བྱས་ནས་ཕན་ཚུན་སྦྲེལ་མཐུད་བྱས་ཏེ་ཐོན་ལས་ཕྲེང་འབྲེལ་དང་མཁོ་སྤྲོད་ཕྲེང་འབྲེལ། ལྗང་མདོག་དཔལ་འབྱོར་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་བསྣན་ནས་རྒྱལ་ཁབ་གཉིས་ཀའི་མང་ཚོགས་ཀྱི་ཐོབ་ཚོར་ཆེ་རུ་གཏོང་དགོས།

གསུམ་ནི་གནད་དོན་དང་འགལ་བར་དོ་དམ་ཚོད་འཛིན་ཡག་པོ་བྱ་དགོས། ཏང་གཉིས་དང་རྒྱལ་ཁབ་གཉིས་ཀྱི་མཐོ་རིམ་བར་གྱི་ངོས་འཛིན་དང་བསམ་འདུན་དེ་བྱ་སྤྱོད་དངོས་ལ་འགྱུར་བར་བྱས་ནས་མཉམ་ལས་དང་མི་མཐུན་པའི་ཆར་དོ་དམ་ཚོད་འཛིན་བྱེད་པར་སྐུལ་འདེད་བཏང་སྟེ་མཚོ་ཐོག་མཉམ་ལས་དང་ལྷག་པར་དུ་ཐུན་མོང་གསར་སྤེལ་བྱེད་དགོས།

ཞི་ཅིན་ཕིང་གིས་བསྟན་དོན། ཉེ་བའི་ལོ་ཤས་རིང་། ཀྲུང་གོའི་རྒྱལ་ཡོངས་དམངས་ཆེན་དང་ཡོ་ནན་རྒྱལ་ཚོགས་ཀྱིས་འགྲོ་འོང་བཟང་པོ་རྒྱུན་འཁྱོངས་བྱས་ནས་རིམ་པ་ཁག་གི་བརྗེ་རེས་མཉམ་ལས་ལ་རྒྱུན་ཆད་མེད་པར་ཤུགས་བསྣན་ཡོད། རྒྱལ་ཁབ་གཉིས་ཀྱི་ཁྲིམས་འཛུགས་སྒྲིག་གཞིས་བརྗེ་རེས་མཉམ་ལས་མུ་མཐུད་དུ་གཏིང་ཟབ་ཏུ་གཏོང་བ་དང་། ཁྲིམས་འཛུགས་ལྟ་སྐུལ་ཐད་ཀྱི་ཕན་ལྡན་ཉམས་མྱོང་ཕན་ཚུན་དཔྱད་གཞིར་འཛིན་པ། རྒྱལ་ཁབ་གཉིས་ཀའི་མི་དམངས་ཀྱི་སེམས་ཤུགས་གཅིག་མཐུན་ལ་ཕན་པའི་ལས་དོན་མང་ཙམ་སྒྲུབ་པ་བཅས་བྱས་ནས་རང་སོ་སོའི་དེང་རབས་ཅན་གྱི་བཅོས་སྐྱོང་མ་ལག་དང་ནུས་པ་འཐུས་ཚང་དུ་གཏོང་བ་དང་། ཀྲུང་གོ་དང་ཡོ་ནན་གྱི་ལས་སྐལ་གཅིག་མཐུན་ཚོགས་པའི་དམངས་འདོད་རྨང་གཞི་སྲ་བརྟན་དུ་གཏོང་ཆེད་ལེགས་སྐྱེས་བཟང་བོ་འབུལ་རྒྱུའི་རེ་བ་ཡོད་ཅེས་གསུངས།

ས་དེའི་དུས་ཚོད་ཟླ12པའི་ཚེས13ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧི་ནེ་རུ་ཡོ་ནན་རྒྱལ་ཚོགས་ཀྱི་ཀྲུའུ་ཞི་ཝང་ཐེན་ཧུའེ་ལ་མཇལ་འཕྲད་གནང་།

ཝང་ཐེན་ཧུའེ་ཡིས་ཡོ་ནན་མི་དམངས་ཀྱི་ཚབ་བྱས་ནས་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ཡོ་ནན་དུ་རྒྱལ་དོན་འཚམས་འདྲི་གནང་བར་ཕེབས་པར་དགའ་བསུ་ཞུས་ཤིང་། ཁོང་གིས་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གི་ད་ཐེངས་ཀྱི་འཚམས་འདྲི་ནི་ཀྲུང་གུང་ཚོགས་ཆེན་ཉི་ཤུ་པ་རྒྱལ་ཁའི་ངང་འཚོགས་རྗེས་ཀྲུང་གོའི་ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་མཐོ་ཤོས་ཀྱིས་ཡོ་ནན་དུ་འཚམས་འདྲི་གནང་བ་ཡིན་ལ། ཡོ་ནན་དང་ཀྲུང་གོའི་བར་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་རོགས་རེས་འབྲེལ་བ་བཙུགས་ནས་ལོ15འཁོར་བ་དང་ཏག་ཏག་འཁེལ་ཡོད། ཁ་སང་སྤྱི་ཁྱབ་ཧྲུའུ་ཅི་རོན་ཧྥུའུ་ཀྲུང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་མཉམ་དུ་ཏང་གཉིས་དང་རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་ངེས་གནས་གསར་པ་མཐོ་རུ་བཏང་སྟེ་འཐབ་ཇུས་ཀྱི་དོན་སྙིང་ལྡན་པའི་ཡོ་ནན་དང་ཀྲུང་གོའི་ལས་སྐལ་གཅིག་མཐུན་ཚོགས་པ་མཉམ་དུ་བསྐྲུན་རྒྱུར་མོས་མཐུན་གནང་བ་དེ་ནི་འགོ་ཁྲིད་རྒན་རབས་པས་བཞག་པའི“ཡོ་ནན་དང་ཀྲུང་གོའི་མཛའ་བརྩེ་ཟབ་མོ་དང་བློ་མཐུན་དང་སྤུན་ཟླའི”དམིགས་བསལ་མཛའ་བརྩེ་རྒྱུན་འཛིན་དང་དར་སྤེལ་བཏང་བ་ཞིག་ཡིན་པས། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་བརྟན་པོའི་ངང་འཕེལ་རྒྱས་འགྲོ་རྒྱུར་ཁྲིད་སྟོན་བྱས་ནས་སྔར་ལས་མཛེས་སྡུག་ལྡན་པའི་མདུན་ལམ་གཏོད་ངེས་རེད། ཡོ་ནན་ཕྱོགས་ཀྱིས་ཀྲུང་གོ་གུང་ཁྲན་ཏང་གི་སྲིད་འཛིན་འདུ་ཤེས་ལ་ཚད་མཐོའི་མོས་མཐུན་བྱེད་པ་དང་། ཀྲུང་གོར་ཐོབ་པའི་རླབས་ཆེན་གྱི་གྲུབ་འབྲས་ལ་སྙིང་ཐག་པ་ནས་རྟེན་འབྲེལ་ཞུ་ལ། ཀྲུང་གོས་དུས་བཀག་ལྟར་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ལྡན་བསྐྲུན་རྒྱུའི་དམིགས་ཚད་མངོན་འགྱུར་བྱ་ཐུབ་པར་ཡིད་ཆེས་བརྟན་པོ་བྱེད་པ་དང་། ཀྲུང་གོ་གུང་ཁྲན་ཏང་དང་ཀྲུང་གོ་འདི་ཉིད་འཛམ་གླིང་ཐོག་འགན་འཁྲི་འཁུར་བའི་ཏང་ཆེན་པོ་དང་རྒྱལ་ཁབ་ཆེན་པོ་ཞིག་ཡིན་པའི་ངོས་ནས་འཛམ་གླིང་གི་ཞི་བདེ་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་སྔར་ལས་ཆེན་པོ་འབུལ་བར་ཡིད་ཆེས་ཡོད། ཡོ་ནན་རྒྱལ་ཚོགས་དང་ཀྲུང་གོའི་རྒྱལ་ཡོངས་དམངས་ཆེན་བར་གྱི་འབྲེལ་བ་ནི་ཡོ་ནན་དང་ཀྲུང་གོའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་རོགས་རེས་འབྲེལ་བའི་གྲུབ་ཆ་གལ་ཆེན་ཞིག་ཡིན། ཡོ་ནན་རྒྱལ་ཚོགས་ཀྱིས་ཏང་གཉིས་ཀྱི་སྤྱི་ཁྱབ་ཧྲུའུ་ཅིའི་ཐུན་མོང་ངོས་འཛིན་གལ་ཆེན་དོན་འཁྱོལ་ནན་མོ་བྱས་ནས་ཀྲུང་གོའི་རྒྱལ་ཡོངས་དམངས་ཆེན་དང་མཉམ་དུ་དམངས་གཙོ་དང་ཁྲིམས་སྐྱོང་། རུལ་སུངས་ལ་ངོ་རྒོལ་སོགས་ཐད་ཀྱི་བརྗེ་རེས་མཉམ་ལས་ལ་ཤུགས་སྣོན་པ་དང་། ལས་རིགས་ཁག་གི་ཐུན་མོང་ངོས་འཛིན་སྔར་ལས་གཅིག་བསྡུ་བྱས་ནས་རྒྱལ་ཁབ་གཉིས་ཀའི་སྲོལ་རྒྱུན་མཛའ་མཐུན་དང་འཐབ་ཇུས་ཐད་ཀྱི་ཡིད་ཆེས་ཇེ་བརྟན་དུ་བཏང་སྟེ་ཡོ་ནན་དང་ཀྲུང་གོའི་ལས་སྐལ་གཅིག་མཐུན་ཚོགས་པ་བསྐྲུན་ཆེད་དམངས་འདོད་ཀྱི་རྨང་གཞི་སྲ་བརྟན་དུ་གཏང་རྒྱུ་ཡིན་ཟེར།

ཚའེ་ཆི་དང་ཝང་དབྱི། ཝང་ཞའོ་ཧུང་སོགས་གོང་གསལ་གྱི་བྱེད་སྒོར་ཞུགས།

ཤ་བོ་གསེར་མཚོས་བསྒྱུར།