ཀྲའོ་ལི་ཅི་ཡིས་མོ་ཙམ་པི་ཁེའི་གྲོས་དཔོན་གཞོན་པ་དབྱིན་རའོ་རའོ་ལ་མཇལ་འཕྲད་གནང་།
2023.12.13 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 17

རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲའོ་ལི་ཅི་ཡིས་ཚེས13ཉིན་པེ་ཅིང་དུ་མོ་ཙམ་པི་ཁེའི་གྲོས་ཁང་གི་གྲོས་དཔོན་གཞོན་པ་དབྱིན་རའོ་རའོ་ལ་མཇལ་འཕྲད་གནང་།

ཀྲའོ་ལི་ཅི་ཡིས་ཀྲུང་གོ་དང་མོ་ཙམ་པི་ཁེ་གཉིས་ཀྱི་སྲོལ་རྒྱུན་མཛའ་བརྩེ་ཧ་ཅང་ཟབ།   ཀྲུའུ་ཞི་ཞི་ཅིན་ཕིང་དང་ཙུང་ཐུང་ཉིའུ་ཞི་གཉིས་ཀྱི་འཐབ་ཇུས་སྣེ་ཁྲིད་འོག་ཏུ།   ཕྱོགས་གཉིས་ཀྱི་འབྲེལ་བ་རྒྱུན་མཐུད་མགྱོགས་མྱུར་ངང་འཕེལ་རྒྱས་སོང་བ་དང་དངོས་གཉེར་མཉམ་ལས་ཐད་གྲུབ་འབྲས་གཡུར་དུ་ཟ་བ་བླངས་ཡོད།    ཀྲུང་གོ་ཕྱོགས་ཀྱིས་མོ་ཙམ་པི་ཁེ་ཕྱོགས་དང་མཉམ་དུ།  རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་གྱི་ཐུན་མོང་ངོས་འཛིན་གལ་ཆེན་དོན་འཁྱོལ་བཟང་བོ་བྱེད་པ་དང་།   ཀྲུང་གོ་དང་མོ་ཙམ་པི་ཁེའི་བློ་མཐུན་དང་སྤུན་ཟླའི་འབྲེལ་བ་ཟབ་མོ་རྒྱུན་འཛིན་དང་དར་སྤེལ་གཏོང་བ།   ཆབ་སྲིད་ཐད་ཕན་ཚུན་ཡིད་རྟོན་བྱེད་པ་དང་དཔལ་འབྱོར་སྟེང་ཕན་ཚུན་གསབ་རེས་བྱེད་པ།  མི་དམངས་བར་མཛའ་མཐུན་འགྲོ་འོང་བྱེད་པ་བཅས་ཀྱི་དགེ་མཚན་ཆེན་པོ་གསུམ་འདོན་སྤེལ་གང་ལེགས་བྱས་ནས་ཀྲུང་གོ་དང་མོ་ཙམ་པི་ཁེའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་གྲོགས་པོའི་འབྲེལ་བ་རྒྱུན་ཆད་མེད་པར་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་འདོད་ཡོད།    ཀྲུང་གོ་རྒྱལ་ཡོངས་དམངས་ཆེན་གྱིས་མོ་ཙམ་པི་ཁེའི་གྲོས་ཁང་དང་མཉམ་དུ་ཁྲིམས་འཛུགས་ལས་ཁུངས་བར་གྱི་རིམ་པ་སོ་སོའི་བརྗེ་རེས་ལ་ཤུགས་སྣོན་པ་དང་།  སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་དམངས་ཚིས་འགན་སྲུང་།   སྤྱི་ཚོགས་བཅོས་སྐྱོང་སོགས་ཁྱབ་ཁོངས་ཀྱི་ཁྲིམས་འཛུགས་ལ་དམིགས་ནས་བརྗེ་རེས་དང་ཕན་ཚུན་དཔྱད་གཞིར་བཟུང་ནས་ཀྲུང་གོ་དང་མོ་ཙམ་པི་ཁེའི་དངོས་གཉེར་མཉམ་ལས་ཐད་ཁྲིམས་སྐྱོང་གི་འགན་སྲུང་འདོན་སྤྲོད་བྱེད་འདོད་ཡོད་ཅེས་བསྟན།

དབྱིན་རའོ་རའོ་ཡིས་མོ་ཙམ་པི་ཁེ་ཕྱོགས་ཀྱིས་བློ་བརྟན་འགྱུར་མེད་ངང་ཀྲུང་གོ་གཅིག་གི་རྩ་དོན་ལག་བསྟར་བྱེད་ངེས།   མོ་ཙམ་པི་ཁེའི་གྲོས་ཁང་གིས་ཀྲུང་གོའི་རྒྱལ་ཡོངས་དམངས་ཆེན་དང་མཉམ་དུ་འབད་བརྩོན་བྱས་ཏེ་ཁྱབ་ཁོངས་སོ་སོའི་མཉམ་ལས་ལ་ཡར་སྐུལ་དང་རྒྱལ་ཁབ་གཉིས་ཀྱི་མི་དམངས་བར་གྱི་མཛའ་བརྩེ་ཇེ་ཟབ་ཏུ་གཏོང་བར་ཁྲིམས་འཛུགས་ལས་ཁུངས་ཀྱི་བྱས་རྗེས་འཇོག་འདོད་ཡོད་ཅེས་བསྟན།

ལྷ་མོ་ཚེ་རིང་གིས་བསྒྱུར།