ས་དེའི་དུས་ཚོད་ཟླ12པའི་ཚེས13ཉིན་གྱི་སྔ་དྲོར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧི་ནེའི་ཀྲུའུ་ཞིའི་བཞུགས་ཤག་ནས་ཡོ་ནན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཝུའུ་ཝུན་ཧྲང་དང་གྲོས་མོལ་གནང་།
ས་དེའི་དུས་ཚོད་ཟླ12པའི་ཚེས13ཉིན་གྱི་སྔ་དྲོར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧི་ནེའི་ཀྲུའུ་ཞིའི་བཞུགས་ཤག་ནས་ཡོ་ནན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཝུའུ་ཝུན་ཧྲང་དང་གྲོས་མོལ་གནང་།
ཞི་ཅིན་ཕིང་གིས་ཁ་སང་ང་དང་སྤྱི་ཁྱབ་ཧྲུའུ་ཅི་རོན་ཧྥུའུ་ཀྲུང་གཉིས་ཀྱིས་འཐབ་ཇུས་ཀྱི་དོན་སྙིང་ལྡན་པའི་ཀྲུང་གོ་དང་ཡོ་ནན་གྱི་ལས་སྐལ་གཅིག་མཐུན་ཚོགས་པ་བསྐྲུན་རྒྱུ་ཁྱབ་བསྒྲགས་བྱས་པ་དང་། ལག་གདང་སྦྲེལ་ནས་ཏང་གཉིས་དང་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་གཏོང་བའི་དུས་མཚམས་གསར་པ་བཏོད་ཡོད། ཀྲུང་གོ་དང་ཡོ་ནན་རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱིས་རྒྱལ་ཁབ་ཀྱི་རང་བཙན་དང་མི་རིགས་བཅིངས་འགྲོལ་བརྩོན་ལེན་བྱེད་པའི་འཐབ་རྩོད་ནང་དཔུང་པ་མཉམ་གཤིབ་ཀྱིས་དམག་འཐབ་བྱེད་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་གསར་བརྗེ་དང་འཛུགས་སྐྲུན་ལས་དོན་ཐད་ཕན་ཚུན་རྒྱབ་སྐྱོར་བྱེད་པ། ཐོག་མཐའ་བར་གསུམ་དུ་ཕན་ཚུན་རོགས་རེས་དང་སྐྱིད་སྡུག་མཉམ་མྱོང་བྱེད་པ་བཅས་ཀྱི་ཐོག་ནས“བློ་མཐུན་དང་སྤུན་ཟླའི”མཛའ་མཐུན་འབྲེལ་བ་བཙུགས་ཡོད། འཐབ་ཇུས་ཀྱི་དོན་སྙིང་ལྡན་པའི་ཀྲུང་གོ་དང་ཡོ་ནན་གྱི་ལས་སྐལ་གཅིག་མཐུན་ཚོགས་པ་བསྐྲུན་རྒྱུ་དེ་ནི་ཏང་གཉིས་དང་རྒྱལ་ཁབ་གཉིས་ཀྱི་འགོ་ཁྲིད་རྒན་རབས་ཚོའི་ཐུན་མོང་གི་འདུན་པ་རྒྱུན་འཛིན་བྱེད་པ་དང་། དེ་སྔའི་སྤྱིར་བཏང་མིན་པའི་ལོ་ཟླར་གུས་འདུད་ཞུ་བ། རྒྱལ་ཁབ་གཉིས་ཀྱི་གསར་བརྗེའི་མཛའ་བརྩེ་དར་སྤེལ་གཏོང་རྒྱུ་བཅས་ཡིན་ལ། ཏང་གཉིས་དང་རྒྱལ་ཁབ་གཉིས་ཀྱི་མཐོ་རིམ་གྱིས་ཀྲུང་གོ་དང་ཡོ་ནན་བར་གྱི་ཡུན་རིང་འཕེལ་རྒྱས་ཀྱི་སྤྱི་ཡོངས་དང་འཛམ་གླིང་གི་སྤྱི་ཚོགས་རིང་ལུགས་ཀྱི་སྟོབས་ཤུགས་མཐུན་སྒྲིལ་དང་འབྲེལ་བ་ཡོད་པའི་འཐབ་ཇུས་ཀྱི་ཁྱོན་ཡོངས་ལ་དམིགས་ཏེ་གཏན་འཁེལ་གནང་བའི་ལོ་རྒྱུས་རང་བཞིན་གྱི་ཐབས་ཇུས་གལ་ཆེན་ཞིག་ཀྱང་ཡིན་པས། ཀྲུང་གོ་དང་ཡོ་ནན་གྱིས་རང་སོ་སོའི་དེང་རབས་ཅན་གྱི་ལས་དོན་ལ་སྐུལ་འདེད་གཏོང་བའི་ཐུན་མོང་གི་དགོས་མཁོ་དང་མཐུན་ལ་རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱི་ཐུན་མོང་གི་ཁེ་ཕན་དང་ཡང་མཐུན་ཞེས་གསུངས།
ཞི་ཅིན་ཕིང་གིས་ཕྱོགས་གཉིས་ཀྱིས་ཀྲུང་གོ་དང་ཡོ་ནན་གྱི་ལས་སྐལ་གཅིག་མཐུན་ཚོགས་པ་བསྐྲུན་པའི་ལོ་རྒྱུས་ཀྱི་དགོས་ངེས་རང་བཞིན་དང་། འཐབ་ཇུས་ཀྱི་དོན་སྙིང་། དངོས་ཡོད་ཀྱི་བླང་བྱ། རྒྱལ་སྤྱིའི་འགན་འཁྲི་བཅས་ལ་ངོས་འཛིན་གང་ལེགས་བྱས་ཏེ། ཆབ་སྲིད་ཐད་ནས་ཕན་ཚུན་ལ་ཡིད་ཆེས་སྔར་ལས་ཆེ་བ་དང་། བདེ་འཇགས་མཉམ་ལས་སྔར་ལས་ཏན་ཏིག་ཡིན་པ། དངོས་སྒྲུབ་མཉམ་ལས་སྔར་ལས་ཟབ་པ། དམངས་འདོད་ཀྱི་རྨང་གཞི་སྔར་ལས་བརྟན་པ། ཕྱོགས་མང་མཐུན་སྦྱོར་གཞོགས་འདེགས་སྔར་ལས་དམ་བ། འགལ་བ་དོ་དམ་དང་ཐག་གཅོད་སྔར་ལས་ལེགས་པ་བཅས་ཀྱི་དམིགས་ཚད་ཆེན་པོ་དྲུག་ལ་ངོས་འཛིན་གང་ལེགས་བྱས་ནས། རྒྱལ་ཁབ་གཉིས་ཀྱི་འབྲེལ་བར་དུས་རབས་ཀྱི་ནང་དོན་གསར་བ་རྒྱུན་ཆད་མེད་པར་བསྣན་ཏེ་འཐབ་ཇུས་ཀྱི་དོན་སྙིང་ལྡན་པའི་ཀྲུང་གོ་དང་ཡོ་ནན་གྱི་ལས་དབང་གཅིག་མཐུན་ཚོགས་པར་རྩ་བ་རྒྱས་ཤིང་རྩེ་མོ་རྒྱས་པར་བྱས་ནས་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་བསྐྲུན་འདོད་ཡོད།
གཅིག ཆབ་སྲིད་ཀྱི་སྣེ་ཁྲིད་ལ་ཤུགས་བསྣན་ནས་ཀྲུང་གོ་དང་ཡོ་ནན་གྱི་ལས་དབང་གཅིག་མཐུན་ཚོགས་པ་བསྐྲུན་པའི་འཐབ་ཇུས་ཀྱི་ཐུན་མོང་ངོས་འཛིན་གཅིག་ཏུ་འགྲིལ་དགོས། ཏང་གཉིས་དང་རྒྱལ་ཁབ་གཉིས་ཀྱི་མཐོ་རིམ་བར་སྟབས་བསྟུན་གྱི་བྱེད་ཐབས་བརྒྱུད་ནས་འཐབ་ཇུས་ཀྱི་འབྲེལ་གཏུག་ཟབ་མོ་མུ་མཐུད་དུ་རྒྱུན་འཁྱོངས་བྱེད་པ་དང་། ཕན་ཚུན་སློབ་སྦྱོང་དང་ཕན་ཚུན་དཔྱད་གཞིར་འཛིན་ཤུགས་ཆེ་རུ་གཏོང་བ། ཏང་སྐྱོང་རྒྱལ་སྐྱོང་གི་ཉམས་མྱོང་བརྗེ་རེས་གཏིང་ཟབ་ཏུ་གཏོང་བ། བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་བའི་ཆུ་ཚད་མཉམ་དུ་ཇེ་མཐོར་གཏོང་བ་བཅས་བྱས་ནས་རང་སོ་སོའི་རྒྱལ་ཁབ་ཀྱི་འཕེལ་རྒྱས་ལ་ཞབས་འདེགས་སྔར་ལས་ལེགས་པོ་ཞུ་དགོས།
གཉིས། མཐུན་སྒྲིལ་མཉམ་ལས་ལ་ཤུགས་བསྣན་ནས་ཀྲུང་གོ་དང་ཡོ་ནན་གྱི་ལས་སྐལ་གཅིག་མཐུན་ཚོགས་པའི་བདེ་འཇགས་འཛིང་རགས་ཇེ་བརྟན་དུ་གཏོང་དགོས། ཀྲུང་གོ་དང་ཡོ་ནན་གཉིས་ཀ་གུང་ཁྲན་ཏང་གིས་འགོ་ཁྲིད་བྱེད་པའི་སྤྱི་ཚོགས་རིང་ལུགས་ཀྱི་རྒྱལ་ཁབ་ཡིན་པ་དང་། ཆབ་སྲིད་ལམ་ལུགས་ཀྱི་བདེ་འཇགས་དང་སྤྱི་ཚོགས་རིང་ལུགས་ལས་དོན་ལ་མཉམ་དུ་སྲུང་སྐྱོང་བྱ་རྒྱུ་ནི་ང་ཚོ་ཐུན་མོང་གི་འགན་འཁྲི་ཡིན། ཕྱོགས་གཉིས་ཀྱིས་མཐུན་སྒྲིལ་ལ་ཤུགས་སྣོན་པ་དང་། སྒོ་འབྱེད་དང་མཉམ་རྒྱལ་རྒྱུན་འཁྱོངས་བྱེད་པ། ཕྱི་ཕྱོགས་ཀྱི་སིམ་འཛུལ་དང་གཏོར་བཤིག་གི་ལྐོག་གཡོར་མཉམ་དུ་འགོག་ཟོན་བཅས་བྱས་ཏེ། འཛམ་གླིང་གི་སྤྱི་ཚོགས་རིང་ལུགས་ཀྱི་སྟོབས་ཤུགས་ཆེ་རུ་གཏོང་བ་དང་མིའི་རིགས་ཀྱི་ཞི་བདེ་དང་ཡར་ཐོན་ལས་དོན་ལ་སྐུལ་འདེད་གཏོང་ཆེད་འབུལ་འོས་པའི་ལེགས་སྐྱེས་འབུལ་དགོས།
གསུམ། ཕྱོགས་གཉིས་ཀྱི་ཁེ་ཕན་མཉམ་ལས་གཏིང་ཟབ་ཏུ་བཏང་ནས་ཀྲུང་གོ་དང་ཡོ་ནན་གྱི་ལས་སྐལ་གཅིག་མཐུན་ཚོགས་པའི་ཁེ་ཕན་ཆེ་རུ་གཏོང་དགོས། ཕྱོགས་གཉིས་ཀྱིས་མཐོ་རིམ་ཇུས་འགོད་ལ་ཤུགས་བསྣན་ནས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་གྲོས་འགོ་དང“ཁྱམས་གཉིས་འཁོར་གཅིག”གི་འཐབ་ཇུས་འབྲེལ་མཐུད་མཉམ་ལས་ཀྱི་འཆར་འགོད་རྩ་གནད་དོན་འཁྱོལ་ཡག་པོ་བྱས་ཏེ། རྨང་གཞིའི་སྒྲིག་བཀོད་ཕན་ཚུན་སྦྲེལ་མཐུད་བྱེད་ཚད་ཇེ་མགྱོགས་སུ་གཏོང་བ་དང་ཡོ་ནན་གྱི་སྤུས་ལེགས་ཞིང་ལས་ཐོན་རྫས་ཀྲུང་གོར་འདྲེན་རྒྱ་ཆེ་རུ་གཏོང་དགོས། གཞི་གྲངས་དཔལ་འབྱོར་དང་ལྗང་མདོག་འཕེལ་རྒྱས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་བསྣན་ནས་རྒྱལ་ཁབ་གཉིས་ཀྱི་དངོས་གཉེར་མཉམ་ལས་ཀྱི་འཕར་གཞི་གསར་པ་རྒྱ་ཆེར་གཏོང་དགོས།
བཞི། དམངས་འདོད་ཁྲིད་སྟོན་བྱེད་ཤུགས་ཆེ་རུ་བཏང་ནས་ཀྲུང་གོ་དང་ཡོ་ནན་གྱི་ལས་སྐལ་གཅིག་མཐུན་ཚོགས་པའི་སྤྱི་ཚོགས་རྨང་གཞི་སྲ་བརྟན་དུ་གཏོང་དགོས། ཀྲུང་གོ་དང་ཡོནན་བར་གྱི་དམངས་ཁྲོད་མཛའ་མཐུན་འབྲེལ་བ་ཇེ་བརྟན་དུ་གཏོང་རྒྱུ་དེ་བརྒྱུད་རིམ་ལྡན་པའི་བཟོ་སྐྲུན་ཞིག་ཏུ་བརྩིས་ནས་དམ་འཛིན་བྱེད་པ་དང་། ཏང་གཉིས་དང་རྒྱལ་ཁབ་གཉིས་ཀྱི་སྲོལ་རྒྱུན་མཛའ་མཐུན་དྲིལ་བསྒྲགས་སློབ་གསོར་སྐུལ་འདེད་གཏོང་བ། རིག་གནས་དང་ཡུལ་སྐོར། ས་གནས་མཉམ་ལས་སོགས་ཀྱི་ལས་སྟེགས་ལེགས་པར་སྤྱད་དེ་རྒྱལ་ཁབ་གཉིས་ཀྱི་མི་དམངས་དང་ལྷག་པར་དུ་ན་གཞོན་བར་གྱི་འགྲོ་འོང་ལ་འབྲེལ་ཟམ་སྔར་ལས་མང་པོ་བསྐྲུན་ནས་ཕན་ཚུན་རྒྱུས་ལོན་དང་མཛའ་མཐུན་གྱི་བརྩེ་སེམས་ཇེ་ཟབ་ཏུ་གཏོང་དགོས།
ལྔ། མི་མཐུན་པའི་ཆར་དོ་དམ་ཚོད་འཛིན་འོས་འཚམ་བྱས་ནས་ཀྲུང་གོ་དང་ཡོ་ནན་གྱི་ལས་སྐལ་གཅིག་མཐུན་ཚོགས་པའི་སྔོན་དཔག་གི་བརྟན་འཇགས་མཐོ་རུ་གཏོང་དགོས། ཀྲུང་གོ་དང་ཡོ་ནན་གཉིས་ནི་ལྷོ་ཕྱོགས་རྒྱ་མཚོའི་ངོགས་ཀྱི་རྒྱལ་ཁབ་གལ་ཆེན་གཉིས་ཡིན་པས། ལྷོ་ཕྱོགས་རྒྱ་མཚོའི་ཞི་བདེ་བརྟན་ལྷིང་སྲུང་སྐྱོང་བྱེད་པའི་ཐད་ཐུན་མོང་གི་ཁེ་ཕན་ཡོད་ལ་ཐུན་མོང་གི་འགན་འཁྲིའང་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཡོ་ནན་ཕྱོགས་དང་འབྲེལ་གཏུག་དང་མཐུན་སྦྱོར་བྱ་རྒྱུར་ཤུགས་བསྣན་ནས། ཕྱོགས་གཉིས་ཀྱིས་དང་ལེན་བྱེད་ཐུབ་པའི་མཚོ་ཐོག་གནད་དོན་ཡུན་རིང་ཐག་གཅོད་ཐུབ་པའི་བྱེད་ཐབས་བཙལ་ཏེ་ཕྱོགས་གཉིས་བར་སྔ་མོ་ནས་ངོ་བོ་རང་བཞིན་དང་ནུས་ལྡན་གྱི“ལྷོ་ཕྱོགས་རྒྱ་མཚོའི་འགུལ་སྐྱོད་ཚད་གཞི”འཇོག་རྒྱུར་སྐུལ་འདེད་བཏང་ནས་ས་ཁུལ་གྱི་ཞི་བདེ་དང་བརྟན་འཇགས་ལ་ལེགས་སྐྱེས་སྔར་ལས་ཆེན་པོ་འབུལ་འདོད་ཡོད་ཅེས་གསུངས།
ཝུའུ་ཝུན་ཧྲང་གིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཡོ་ནན་དུ་རྒྱལ་དོན་འཚམས་འདྲི་གནང་བ་དེ་ནི་ཡོ་ནན་གྱི་ཏང་དང་རྒྱལ་ཁབ། མི་དམངས་བཅས་ཀྱིས་ཡུན་རིང་རེ་སྒུག་བྱེད་པའི་དོན་ཆེན་ཞིག་དང་ཡོ་ནན་དང་ཀྲུང་གོའི་འབྲེལ་བའི་ཁྲོད་ཀྱི་ལོ་རྒྱུས་ཀྱི་དོན་ཆེན་ཞིག་རེད། ཁ་སང་ཏང་གཉིས་ཀྱི་སྤྱི་ཁྱབ་ཧྲུའུ་ཅི་འཐབ་ཇུས་ཀྱི་དོན་སྙིང་ལྡན་པའི་ལས་སྐལ་གཅིག་མཐུན་ཚོགས་པ་མཉམ་བསྐྲུན་བྱེད་རྒྱུར་མགྲིན་གཅིག་ཏུ་མོས་མཐུན་བྱུང་བ་དེས། ཡོ་ནན་དང་་ཀྲུང་གོའི་འབྲེལ་བའི་འབྱུང་འགྱུར་ལ་ཁ་ཕྱོགས་གསལ་སྟོན་གནང་བ་དང་། ཡོ་ནན་དང་ཀྲུང་གོའི་འབྲེལ་བ་ཆུ་ཚད་སྔར་ལས་མཐོ་བའི་འཕེལ་རྒྱས་ཀྱི་དུས་མཚམས་གསར་པར་སླེབས་རྒྱུར་སྐུལ་འདེད་གཏོང་ཐུབ། ཡོ་ནན་དང་ཀྲུང་གོའི་འགོ་ཁྲིད་རྒན་རབས་པས་བཞག་པའི་སྲོལ་རྒྱུན་གྱི་མཛའ་བརྩེ་ཟབ་མོ་དེ་རྒྱལ་སྤྱིའི་འཕོ་འགྱུར་གྱི་ཚོད་བགམ་བརྒྱུད་ནས་རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱི་ཐུན་མོང་གི་རྒྱུ་ནོར་དུ་གྱུར་ཡོད། དེང་གི་རྒྱལ་སྤྱིའི་དུས་བབ་ལ་རྙོག་འཛིང་ཆེ་བའི་འཕོ་འགྱུར་འབྱུང་བཞིན་ཡོད་པ་དང་། ཡོ་ནན་དང་ཀྲུང་གོ་རྒྱལ་ཁབ་གཉིས་འཕེལ་རྒྱས་ཀྱི་གནད་འགག་གི་དུས་མཚམས་སུ་སླེབས་ཡོད་པས་ཏང་གཉིས་དང་རྒྱལ་ཁབ་གཉིས་བར་གྱི་ཡིད་ཆེས་དང་མཉམ་ལས་སྲ་བརྟན་དུ་བཏང་ནས། ཕྱོགས་གཉིས་བར་གྱི་འབྲེལ་བར་ཤུགས་སྣོན་པ་དང་རྒྱལ་ཁབ་གཉིས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ལས་དོན་འཕེལ་རྒྱས་ལ་རྒྱུན་མཐུད་སྒོས་སྐུལ་འདེད་གཏོང་རྒྱུ་ནི་རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱི་ཐུན་མོང་གི་བསམ་འདུན་རེད། སྤྱི་ཁྱབ་ཧྲུའུ་ཅི་རོན་ཧྥུའུ་ཀྲུང་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གཞན་གྱིས་ཚབ་བྱེད་ཐབས་བྲལ་བའི་འཐབ་ཇུས་ཀྱི་ཁྲིད་སྟོན་འོག་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་སྔ་ན་མེད་པའི་ཆ་ཚང་དང་གཏིང་ཟབ། མཛའ་མཐུན་བཅས་ཀྱི་སྣང་ཚུལ་བྱུང་ཡོད། ཡོ་ནན་ཕྱོགས་ཀྱིས་ཀྲུའུ་ཞི་ཞི་ཅིན་ཕིང་གི་ད་ཐེངས་ཀྱི་འཚམས་འདྲི་བརྒྱུད་ནས་འཛམ་གླིང་ཡོངས་ལ་ཀྲུང་གོ་དང་འབྲེལ་བ་འཕེལ་རྒྱས་གཏོང་རྒྱུ་ནི་ཡོ་ནན་ཏང་དང་སྲིད་གཞུང་གི་རིམ་པ་མཐོ་ཤོས་དང་འཐབ་ཇུས་ཀྱི་གདམ་ག་ཞིག་ཡིན་པའི་བརྡ་རྟགས་གསལ་བོར་བསྟན་ཡོད། ཡོ་ནན་དང་ཀྲུང་གོའི་བར་གྱི་འབྲེལ་བ་ཇེ་བརྟན་དུ་ཕྱིན་ནས་ཕྱི་ཕྱོགས་ཀྱི་སྟོབས་ཤུགས་གང་རུང་གི་ཕུང་དཀྲུགས་དང་གཏོར་བརླག་གཏན་ནས་ཐེབས་མི་སྲིད་ཟེར།
གྲོས་མོལ་མཇུག་བསྒྲིལ་རྗེས་ཞི་ཅིན་ཕིང་དང་ལྕམ་མོ་ཕིན་ལིས་ཡོན་གཉིས་ཝུའུ་ཝུན་ཧྲང་བཟའ་ཟླ་གཉིས་ཀྱིས་བཤམས་པའི་གསོལ་སྟོན་ལ་ཞུགས།
ཚའེ་ཆི་དང་ཝང་དབྱི། ཝང་ཞའོ་ཧུང་སོགས་གོང་གསལ་གྱི་བྱེད་སྒོར་ཞུགས།