ཟླ12པའི་ཚེས14ཉིན། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་རྒྱས་འཛོམས་གྲོས་ཚོགས་བསྡུས་ཏེ། ཀྲུང་དབྱང་དཔལ་འབྱོར་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་བརྒྱུད་བསྒྲགས་བྱས་ཤིང་། རང་ཞིང་གི་ལག་བསྟར་དང་དངོས་འབེབས་བསམ་ཚུལ་ལ་ཞིབ་འཇུག་བྱས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཁྲིན་ཀང་གིས་མགོ་འཛིན་བྱས་ཏེ་གཏམ་བཤད།
གྲོས་ཚོགས་ལས་བལྟས་ན། ཐེངས་འདིའི་ཀྲུང་དབྱང་དཔལ་འབྱོར་བྱ་བའི་གྲོས་ཚོགས་ནི་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དངོས་འབེབས་བྱེད་མགོ་བརྩམས་པའི་ལོར་བསྡུས་པའི་གྲོས་ཚོགས་ཧ་ཅང་གལ་ཆེན་ཞིག་རེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལས་དཔལ་འབྱོར་བྱ་བ་ལེགས་པོར་སྒྲུབ་པའི་ཆོས་ཉིད་རང་བཞིན་གྱི་ངོས་འཛིན་གསལ་འགྲེལ་གཏིང་ཟབ་གནང་ཡོད་ལ། མིག་སྔར་རང་རྒྱལ་གྱི་དཔལ་འབྱོར་འཕེལ་རྒྱས་ལ་འཕྲད་པའི་གཞུང་ལུགས་དང་ལག་ལེན་གྱི་གལ་ཆེ་བའི་གནད་དོན་གསར་བ་རབ་དང་རིམ་པར་ཚན་རིག་དང་མཐུན་པའི་ལན་བཏབ་པར་མ་ཟད། དར་ཆ་སྒྲེང་ནས་ཁ་ཕྱོགས་གཏན་ཁེལ་གནང་ཞིང་། འཆར་འགོད་བཀོད་སྒྲིག་གནང་ཡོད་པ་དང་། ཐབས་ལམ་ཁྲིད་སྟོན་དང་གཙོ་གནད་ཚགས་སུ་ཆུད་པར་བྱས་ཏེ། དུས་རབས་གསར་བའི་དཔལ་འབྱོར་བྱ་བ་ཡག་པོར་སྒྲུབ་པར་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་གནང་ཞིང་། གཞི་རྩའི་བསྲུང་བྱ་འདོན་སྤྲོད་གནང་ཡོད་པར་འདོད།
གྲོས་ཚོགས་ལས་བསྟན་དོན། ཞིང་ཆེན་ཡོངས་ཀྱི་གོང་འོག་ཚང་མས་ཀྲུང་དབྱང་དཔལ་འབྱོར་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་ལག་བསྟར་བྱེད་རྒྱུ་དེ་མིག་སྔའི་ཆབ་སྲིད་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ཏེ། དོན་དངོས་བྱ་སྤྱོད་ལ་བརྟེན་ནས་གཏན་ཕབ་གཉིས་ལ་སྲུང་སྐྱོབ་དང་སྲུང་སྐྱོང་གཉིས་མཐའ་གཅིག་ཏུ་སྒྲུབ་ཐུབ་པར་བྱས་ནས། ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་བྱ་བ་ཐོག་མཐའ་བར་གསུམ་དུ་ཡང་དག་པའི་ཁ་ཕྱོགས་སུ་མདུན་སྐྱོད་བྱེད་པར་ཁག་ཐེག་བྱེད་དགོས། ཛ་དྲག་རྙོག་འཛིང་གི་ཕྱི་ནང་ཁོར་ཡུག་གི་གནས་བབ་ཁོང་དུ་ཆུད་པར་བྱེད་པ་དང་གོ་བ་ཟབ་མོ་བླངས་ནས་ཁ་གཏད་འཇལ་དགོས། རང་རྒྱལ་གྱི་དཔལ་འབྱོར་སྤྱིའི་ཆ་ནས་ལེགས་ཕྱོགས་སུ་འཕེལ་བ་མངོན་འགྱུར་བྱས་ནས་གྲུབ་འབྲས་མི་དམན་པ་བླངས་པ་དེ། མཐར་གཏུག་ནས་བཤད་ན་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དབུ་འཛིན་གནང་བས་ཡིན་ལ། ཞི་ཅིན་ཕིང་གི་དཔལ་འབྱོར་དགོངས་པའི་ཚན་རིག་མཛུབ་ཁྲིད་ལ་རག་ལས་ཡོད། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་དཔལ་འབྱོར་གནས་བབ་ཐད་ཀྱི་ཚན་རིག་དང་མཐུན་པའི་ཞིབ་འཇུག་བརྡར་གཅོད་ནུས་པར་གོ་བ་ཟབ་མོ་བླངས་ནས་ཁོང་དུ་ཆུད་པར་བྱས་ཏེ། དུས་རབས་གསར་བར་དཔལ་འབྱོར་བྱ་བ་ཡག་པོར་སྒྲུབ་པའི་ངེས་པར་དྲུག་གི་ཆོས་ཉིད་རང་བཞིན་གྱི་ངོས་འཛིན་ཇེ་ཟབ་ཏུ་གཏོང་བ་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཕེལ་རིམ་ཁྲོད་མཚོ་སྔོན་གྱི་འཕེལ་རྒྱས་ངེས་གནས་དང་ཁ་ཕྱོགས་ཡང་དག་པར་འཚོལ་དགོས། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་སང་ལོའི་དཔལ་འབྱོར་བྱ་བའི་ཐད་བཏོན་པའི་སྤྱིའི་བླང་བྱ་དང་། སྔོན་རྩིས་དམིགས་འབེན། སྲིད་ཇུས་བྱེད་ཕྱོགས་བཅས་ལ་གོ་བ་ཟབ་མོ་བླངས་ནས་ཁོང་དུ་ཆུད་པར་བྱས་ཏེ། གཅིག་འདོམས་གསུམ་དམ་འཛིན་གང་ལེགས་བྱེད་པ་དང་། བརྟན་ཐོག་ཡར་འཕེལ་དང་། ཡར་སྐུལ་བརྩོན་ལེན། སྔོན་འཛུགས་རྗེས་གཏོར་བཅས་ཀྱི་རྒྱུན་བསྐྱངས་ནས། མཚོ་སྔོན་དཔལ་འབྱོར་གྱི་སྤུད་ཚད་མཐོར་འདེགས་བྱུང་ནས་ལུགས་མཐུན་སྒོས་འཕེལ་བར་རྒྱུན་མཐུད་ངང་སྐུལ་འདེད་གཏོང་དགོས། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་བཀོད་སྒྲིག་གནང་བའི་ལས་འགན་གཙོ་བོ་ཁག་དགུ་ལ་གོ་བ་ཟབ་མོ་བླངས་ནས་ཁོང་དུ་ཆུད་པར་བྱས་ཏེ། རྒྱུན་ཆད་མེད་པར་བརྟན་བརླིང་གི་རྨང་གཞི་ཇེ་བརྟན་དུ་གཏོང་བ་དང་། ཡར་བརྩོན་གྱི་འགུལ་ནུས་བསྐྱེད་པ། གསར་འཛུགས་ཀྱི་ཕན་ནུས་ཆེ་རུ་གཏོང་བ་བཅས་བྱས་ནས། སྲིད་ཇུས་མྱུར་དུ་དངོས་འབེབས་དང་། བྱ་བར་སྐུལ་འདེད་གང་ལེགས་གཏོང་བ། གྲུབ་འབྲས་མྱུར་དུ་མངོན་པ་བཅས་ལ་སྐུལ་འདེད་གཏོང་དགོས། ཏང་གིས་དཔལ་འབྱོར་བྱ་བར་ཕྱོགས་ཡོངས་ནས་མགོ་ཁྲིད་བྱེད་པའི་བླང་བྱ་གལ་ཆེན་ཁོང་དུ་ཆུད་པར་བྱས་ཏེ། དངོས་འབེབས་དམ་འཛིན་བཞི་མཐའ་གཅིག་ཏུ་སྒྲུབ་ཐུབ་པར་བྱེད་པ་དང་། སེམས་ཤུགས་དང་ངར་ཤུགས་ཕྱོགས་གཅིག་ཏུ་བཏོན་ནས། ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་དངོས་འབེབས་བྱེད་པའི་ལག་བསྟར་མཁན་དང་། འགུལ་སྐྱོད་པ། དངོས་སྒྲུབ་པ་བཅས་བཟང་བོར་བྱེད་དགོས།
གྲོས་ཚོགས་ལས་ནན་གྱིས་བསྟན་དོན། སང་ལོ་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་དོན་ལྔ་འཁོར་བའི་ལོ་དང་། ལོ་ལྔའི་འཆར་འགོད་བཅུ་བཞི་པའི་དམིགས་འབེན་ལས་འགན་མངོན་འགྱུར་བྱེད་པའི་གནད་འགག་གི་ལོ་ཞིག་ཡིན་པས། དཔལ་འབྱོར་བྱ་བར་ཡག་པོར་བསྒྲུབ་པར་དོན་སྙིང་གལ་ཆེན་ལྡན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བླང་བྱ་གལ་ཆེན་དང་ཀྲུང་དབྱང་དཔལ་འབྱོར་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་སྤྱི་འདོམས་སུ་བྱས་ཏེ། མཚོ་སྔོན་གྱི་དོན་དངོས་དང་ཟུང་འབྲེལ་བྱས་ནས། དཔལ་འབྱོར་སྤྱི་ཚོགས་ཀྱི་ལས་དོན་ཁག་སོ་སོར་འཆར་འགོད་དང་དེར་སྐུལ་འདེག་གང་ལེགས་གཏོང་དགོས། ཆུ་ཚད་མཐོན་པོའི་སྲུང་སྐྱོབ་ལ་སྐུལ་འདེད་གཏོང་བར་ཤུགས་འདོན་པ་དང་ཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལྟ་སྐུལ་ཞིབ་བཤེར་སྤེལ་བ་གོ་སྐབས་སུ་བརྩིས་ཏེ། མངོན་སུམ་གྱིས་ལག་བསྟར་དང་གཟབ་ནན་མགྱོགས་མྱུར་སྒོས་སྐྱེ་ཁམས་ཁོར་ཡུག་གི་འབུར་ཐོན་གནད་དོན་དག་ཐེར་བྱེད་པར་སྐུལ་འདེད་གཏོང་བ་དང་། བར་སྟོང་མི་འཇོག་པ་དང་ཟུར་སྣེ་མི་ལུས་པ། འཐུས་ཤོར་ཅི་ཡང་མེད་པ་བཅས་བྱས་ནས། བདེན་པ་མཐའ་འཁྱོལ་གྱི་དག་ཐེར་གྲུབ་འབྲས་དེ་ཏང་ཀྲུང་དབྱང་གིས་མཐོང་ཐུབ་པར་བྱེད་པ་དང་། བློ་བརྟན་འགྱུར་མེད་སྒོས་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་བསྐྲུན་ནས་སྐྱེ་ཁམས་ཁོར་ཡུག་གི་བདེ་འཇགས་ཚད་མཐའ་བརྟན་སྲུང་བྱེད་དགོས། སྤུས་ཚད་མཐོན་པོའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་ཤུགས་བཏོན་ཏེ། ཐོན་ལས་ཀྱི་གནས་བཞི་བསྐྲུན་པའི་གཞི་ཁྱོན་དང་ལས་ཕྱོད། སྤུས་ཚད་བཅས་གཙོར་བཟུང་ནས། བྱེད་ཐབས་ཁག་ཅིག་བསྡུ་ལེན་བྱས་ཏེ་ཚྭ་མཚོའི་ཐོན་ཁུངས་སྒྲིག་འགལ་གྱིས་གསར་སྤེལ་བེད་སྤྱོད་བྱེད་པའི་གནད་དོན་ཐག་གཅོད་པ་དང་། དག་གཙང་ནུས་ཁུངས་འཕེལ་རྒྱས་ཀྱི་རྩ་ཆེའི་དུས་སྐབས་དམ་འཛིན་བྱེད་དགོས་ཤིང་། བྱེད་ཐབས་དོན་ལྡན་སྤྱད་ནས་དག་གཙང་ནུས་ཁུངས་འཕེལ་རྒྱས་ཀྱི་ནོར་འཁྲུལ་གྱི་སྒྲིག་བཀོད་ལྔའི་གནད་དོན་ཐག་གཅོད་བྱེད་དགོས་ལ། དག་གཙང་ནུས་ཁུངས་བརྒྱུད་དེ་མཐོ་ས་དང་གནས་བཞི་བསྐྲུན་པའི་མཉམ་འབྲེལ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། དམངས་ཚིས་ལེགས་སྒྱུར་དང་དེར་འགན་སྲུང་བྱས་ཏེ། གྲོང་གསེབ་དར་སྤེལ་རྨང་རྐང་དུ་བྱས་ནས་དམངས་ཚིས་བདེ་སྐྱིད་རྒྱུན་ཆད་མེད་པར་འཕེལ་བར་བྱེད་པ་དང། དཔེ་ཆ་གཅིག་དང་འཛིན་ཡིག་གཅིག ཁས་ལེན་གཅིག་བཅས་ཀྱི་བླང་བྱ་རྒྱུན་མཐུད་ངང་དངོས་འབེབས་བྱེད་པ། དམངས་ཚིས་དོན་དངོས་ལས་གཞི་འཆར་འགོད་བཟང་པོ་བྱེད་པ་དང་། དམངས་ཚིས་ཚད་མཐའ་དམ་སྲུང་བྱེད་དགོས་ལ། ལས་ཞུགས་དང་ཡོང་འབབ། སྨན་བཅོས། སྡོད་ཁང་། རྒན་གསོ། ཕྲུ་གུ་སྐྱེ་བ། བཅོལ་གཉོར་སོགས་མང་ཚོགས་ཀྱི་བྲེལ་དཀའ་ཁྲེལ་སྒུག་གི་གནད་དོན་ཐག་གཅོད་གང་ལེགས་བྱེད་དགོས། མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་འདེད་གཏོང་བར་ཤུགས་བཏོན་ནས། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་བསྐྲུན་པ་གཙོ་ཐིག་ཏུ་བཟུང་སྟེ། རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་ཞིང་ཆེན་གཏིང་ཟབ་ཏུ་འཛུགས་སྐྲུན་བྱེད་པ་དང་། བདེ་འཇགས་མཚོ་སྔོན་འཛུགས་སྐྲུན་བྱེད་པའི་གཅིག་ཅན་བཅུ་ཡི་བྱ་བའི་ལས་འགན་དངོས་འབེབས་བྱེད་པར་སྐུལ་འདེད་བཏང་ནས། ཆབ་སྲིད་དང་སྤྱི་ཚོགས་ཀྱི་སྤྱི་ཡོངས་རྒྱུན་མཐུད་ངང་འཆམ་མཐུན་གཏན་འཇགས་ཡོང་བར་ཁག་ཐེག་བྱེད་དགོས། ཏང་ནན་སྐྱོང་དང་དཔོན་པོ་ནན་སྐྱོང་བྱེད་པར་ཤུགས་བཏོན་ནས་བརྗོད་དོན་སློབ་གསོའི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་དགོས་ཏེ། དཔེ་གཞིས་དག་ཐེར་ལ་སྐུལ་བའི་ཆེད་དོན་སློབ་གསོའི་བཅོས་སྐྱོང་དང་བྱེད་ཕྱོགས་འབུར་ཐོན་གནད་དོན་ཆེད་དོན་བཅོས་སྐྱོང་བྱེད་པ་གཏིང་ཟབ་ཏུ་གཏོང་བ་དང་། ཕྱོགས་ཡོངས་ནས་ཏང་ནན་སྐྱོང་དང་དཔོན་པོ་ནན་སྐྱོང་བྱེད་པའི་གྲུབ་འབྲས་དེ་ཏང་འཛུགས་སྐྲུན་གྱི་བརྒྱུད་རིམ་ཡོངས་དང་ཕྱོགས་སོ་སོར་ཤུགས་སྣོན་པ་དང་འདྲེས་པར་བྱེད་དགོས་ལ། ལས་བྱེད་པས་སྒྲུབ་དགོས་པ་དང་བསམ་ཕྱོགས་གསལ་དགོས་པ། རང་གཅུན་ནན་མོ་བྱེད་དགོས་པ་བཅས་ལ་སྐུལ་འདེད་གཏོང་རྒྱུ་དེ་དེང་རབས་ཅན་གྱི་མཚོ་སྔོན་གསར་བ་བསྐྲུན་པའི་མཚོན་རྟགས་ཁྱད་པར་བ་ཞིག་ཏུ་འགྱུར་བར་བྱེད་དགོས།
གྲོས་ཚོགས་ལས་ས་གནས་སོ་སོ་དང་སྡེ་ཁག་སོ་སོས་ལོ་མཇུག་དང་ལོ་མགོའི་ལས་དོན་ཁག་སོ་སོ་ནན་ཏན་སྒོས་ཡག་པོར་སྒྲུབ་སྟེ། རིགས་སྣ་ཚོགས་ཀྱི་གནོད་འཚེའི་དོན་རྐྱེན་སྔོན་འགོག་དང་འཕྲལ་བསྟུན་དོ་དམ་ལ་ཤུགས་སྣོན་པ་དང་། མཁོ་སྤྲོད་འགན་ལེན་དང་དངོས་གོང་བརྟན་པོ། ཞིང་བ་ཞོར་ལས་པར་གླ་ཕོགས་སྟེར་བ། དཀའ་ཁག་ཅན་གྱི་མང་ཚོགས་ལ་སེམས་ཁུར་བྱེད་པ། བདེ་འཇགས་ཐོན་སྐྱེད་སོགས་ཀྱི་བྱ་བར་གཅིག་འདོམས་བྱེད་དགོས། ཉེ་ལམ་འབྱུང་བཞིན་པའི་ཕྲ་གྱེས་གདོད་གཟུགས་གློ་ཚད་དང་། ཆམ་རིམས་སོགས་དབུགས་ལམ་འགོས་ནད་སྔོན་འགོག་བྱ་བ་ལེགས་པོར་སྒྲུབ་ནས། མང་ཚོགས་ཀྱི་ཐོན་སྐྱེད་འཚོ་བ་བདེ་འཇགས་དང་གོ་རིམ་ལྡན་པར་བྱེད་པ་དང་། དམིགས་འབེན་ལས་འགན་སོ་སོ་བདེ་ལེགས་ངང་འགྲུབ་པར་ཁག་ཐེག་བྱེད་དགོས་པ་བཅས་ཀྱི་བླང་བྱ་བཏོན།
རིག་འཛིན་སྒྲོལ་མས་བསྒྱུར།