ཟླ12པའི་ཚེས14ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཁྲིན་ཀང་གིས་མགོ་འཛིན་བྱས་ནས་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་བསྡུས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན། ཀྲུང་དབྱང་གི་འབྲེལ་ཡོད་གྲོས་ཚོགས་བཅས་ཀྱི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་པ་དང་། རང་ཞིང་གི་ལག་བསྟར་བྱེད་ཐབས་བཏོན་ལ། ཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་ཐད་ཀྱི་གནད་དོན་དག་ཐེར་ལེགས་བཅོས་བྱ་བར་ཞིབ་འཇུག་དང་བཀོད་སྒྲིག་བྱས་པ་དང་། འབྲེལ་ཡོད་ཡིག་ཆར་གྲོས་ཞིབ་བྱས།
ཚོགས་ཐོག་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་གྲོས་ཚོགས་དང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཐུན་མོང་སློབ་སྦྱོང་ཐེངས་བཅུ་པའི་སྟེང་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་། རྒྱལ་ཁབ་རྩ་ཁྲིམས་ཉིན་མོ་བཅུ་པའི་སྐབས་སུ་གནང་བའི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས། ཚོགས་ཐོག་ནས་བསྟན་དོན། བསམ་བློ་དང་བྱ་སྤྱོད་གཉིས་ཏང་ཀྲུང་དབྱང་གི་དཔལ་འབྱོར་བྱ་བའི་སྐོར་གྱི་བརྡར་གཅོད་གལ་ཆེན་དང་ཇུས་ཆོད་གལ་ཆེན། བཀོད་སྒྲིག་གལ་ཆེན་སྟེང་གཅིག་གྱུར་བྱེད་པ་དང་། ཏང་དང་རྒྱལ་ཁབ་ལས་དོན་གྱི་སྤྱི་ཡོངས་ལ་དམིགས་ནས་ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་ཇུས་འགོད་བྱེད་པ། ད་ལོའི་ལོ་མཇུག་དང་སང་ལོའི་ལོ་མགོའི་འགན་སྲུང་དང་དམངས་ཚིས་ལེགས་སྒྱུར་བྱ་བ་སྣ་ཚོགས་ལ་ཧ་ཅང་མཐོང་ཆེན་བྱས་ནས། སྤྱོད་གཙང་སྲོལ་བཟང་གི་ཆབ་སྲིད་སྐྱེ་ཁམས་རྒྱུན་མཐུད་ངང་འཛུགས་སྐྲུན་བྱེད་དགོས། རང་ཞིང་གི་ཕྱི་འབྲེལ་ཁྲིམས་སྐྱོང་དོན་བྱ་དང་ཕྱི་ཕྱོགས་བརྗེ་རེས་མཉམ་ལས་ཁྲོད་ཀྱི་ཁྲིམས་སྐྱོང་ཉེན་ཁར་དབྱེ་ཞིབ་ནན་མོ་བྱེད་པ་དང་། ཕྱི་འབྲེལ་གྱོད་གཞི་ཐག་གཅོད་པའི་མདུན་ལྟ་རང་བཞིན་དང་སྔོན་མཐོང་རང་བཞིན་མཐོར་འདེགས་སུ་གཏོང་བ། ཕྱི་འབྲེལ་ཁྲིམས་སྐྱོང་གི་ལས་སྒོ་རྒྱ་བསྐྱེད་པ། ཕྱི་འབྲེལ་ཁྲིམས་སྐྱོང་འཇོན་མིའི་དཔུང་སྡེ་རྒྱ་བསྐྱེད་དེ། ཆུ་ཚད་མཐོ་བའི་སྒོ་འབྱེད་ཀྱི་ཁྲིམས་སྐྱོང་གཞི་རྩ་ཇེ་བརྟན་དུ་གཏོང་དགོས། ཞི་ཅིན་ཕིང་གི་ཕྱི་འབྲེལ་དགོངས་པ་ཞིང་ཆེན་ཡོངས་ཀྱི་ཕྱི་དོན་བྱ་བའི་བརྒྱུད་རིམ་ཧྲིལ་བོ་དང་ཕྱོགས་སོ་སོ་རུ་དངོས་འབེབས་བྱེད་པ། ཀྲུང་གོ་གུང་ཁྲན་ཏང་གིས་ཕྱི་འབྲེལ་བྱ་བར་འགོ་ཁྲིད་བྱེད་པའི་སྲོལ་ཡིག་ལག་བསྟར་བཟང་བོ་བྱས་ནས། རང་ཞིང་གི་ཕྱི་འབྲེལ་བྱ་བ་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་སུ་གཏོང་བར་ཇུས་འགོད་དང་སྐུལ་འདེད་གཏོང་དགོས། རྩ་ཁྲིམས་དང་བཅའ་ཁྲིམས་སྒྲོམ་གཞིའི་ནང་ས་གནས་ཁྲིམས་འཛུགས་ལ་སྐུལ་འདེད་གཏོང་བ་རྒྱུན་འཁྱོངས་བྱེད་པ་དང་། རྩ་ཁྲིམས་དྲིལ་སྒྲོག་སློབ་གསོར་ཤུགས་སྣོན་པ། སྣང་ཚུལ་བཟང་བོ་གྲུབ་པར་བྱེད་པ། རིམ་པ་སོ་སོའི་འགོ་ཁྲིད་ལས་བྱེད་པས་ཁྲིམས་སྐྱོང་བསམ་བློ་དང་ཁྲིམས་སྐྱོང་རྣམ་པ་སྤྱད་དེ་འགན་སྒྲུབ་བྱེད་པའི་ནུས་པ་མཐོར་འདེགས་བཏང་སྟེ། དེང་རབས་ཅན་གྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པའི་ཐད་ཁྲིམས་སྐྱོང་གི་འགན་སྲུང་འདོན་སྤྲོད་བྱེད་དགོས།
ཚོགས་ཐོག་ནས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཧྲང་ཧེ་རུ་ཕེབས་སྐབས་ཀྱི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པ་དེ། མཚོ་སྔོན་གྱི་བྱ་བ་སྣ་ཚོགས་བཟང་བོར་སྒྲུབ་པའི་ཐད་དོན་སྙིང་གལ་ཆེན་ལྡན། ཀྲུང་དབྱང་དངུལ་རྩའི་བྱ་བའི་གྲོས་ཚོགས་ཀྱི་བཀོད་སྒྲིག་ལྟར། རྒྱལ་ཁབ་དངུལ་རྩ་ལྟ་རྟོག་ཅུའུ་རུ་འཚམས་འདྲི་བྱེད་སྐབས་གྲོས་འཆམ་བྱུང་བའི་དོན་བྱ་ལག་བསྟར་ནན་མོ་བྱེད་པ་དང་། མ་ལག་རང་བཞིན་གྱི་ཉེན་ཁ་མི་འབྱུང་བའི་ཚད་མཐའ་བརྟན་སྲུང་བྱེད་དགོས། ཚན་རྩལ་ལས་ཁུངས་ཀྱི་བཅོས་སྒྱུར་བརྟན་བརླིང་ངང་སྤེལ་བ་དང་། ཚན་རྩལ་གསར་གཏོད་ཀྱི་སྟེགས་བུ་དང་ཚན་རྩལ་གྱི་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་བྱེད་པ་དང་བཀོལ་སྤྱོད་བྱས་ནས། དེང་རབས་ཅན་གྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་ཆེད་ཤུགས་དང་ལྡན་པའི་ཚན་རྩལ་གྱི་འདེགས་སྐྱོར་འདོན་སྤྲོད་བྱེད་དགོས། ཞན་ཆ་དང་མི་འདང་ས་གཙིགས་སུ་འཛིན་པ་དང་། བདེ་འཇགས་འཕེལ་རྒྱས་ཀྱི་ཚད་མཐའ་བརྟན་སྲུང་བྱས་ནས། དམངས་ཚིས་ཀྱི་བདེ་སྐྱིད་ཇེ་མཐོར་གཏོང་རྒྱུ་དེ་གྲོང་ཁྱེར་འཛུགས་སྐྲུན་དང་བཅོས་སྐྱོང་གི་འགོ་ཚུགས་ས་དང་རྐང་འཛུགས་ར་རུ་བརྩི་དགོས། འབྲི་ཆུའི་ཟུར་གསུམ་གླིང་གཞི་གཅིན་ཅན་དུ་འཕེལ་རྒྱས་སུ་གཏོང་བའི་བཞུགས་མོལ་ཚོགས་འདུའི་དགོངས་དོན་དང་ཤན་སྦྱར་བྱེད་པ་དང་། ཞིང་ཆེན་གྱི་གནས་ཚུལ་དངོས་ལ་རྐང་འཛུགས་པ། ཞིབ་བསྡུར་གྱི་དགེ་མཚན་འདོན་སྤེལ་བྱེད་པ། སྔོན་ཐོན་གྱི་ཉམས་མྱོང་ལ་སློབ་སྦྱོང་དང་དཔེ་ལྟ་བྱེད་པ། མཚོ་སྔོན་ལ་ཁ་གཏད་རོགས་སྐྱོར་བྱེད་པ་དང་ཤར་ནུབ་རྒྱུད་མཉམ་ལས་སོགས་ཀྱི་སྲིད་ཇུས་བྱེད་ཐབས་བཀོལ་སྤྱོད་བཟང་བོ་བྱས་ཏེ། ཟི་ལིང་དང་མཚོ་ཤར་གྱི་གྲོང་ཁྱེར་ཚོགས་གཞི་གཅིག་ཅན་གྱི་འཕེལ་རྒྱས་ཐད་ནས་གྲུབ་འབྲས་བཟང་བོ་ལེན་པར་སྐུལ་འདེད་གཏོང་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དྲག་ཆས་ཉེན་རྟོག་མཚོ་ཟོན་དམག་དཔུང་སྤྱིའི་རུ་ཁག་ཤར་མཚོའི་མཚོ་ཁུལ་བཀོད་འདོམས་པུའུ་ལ་གཟིགས་ཞིབ་མཛད་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་རེ་བ་ལྟར། མཚོ་སྔོན་གྱི་སྔར་ལས་གལ་ཆེ་བ་གསུམ་གྱི་འཐབ་ཇུས་གོ་གནས་ལ་རྐང་འཛུགས་པ་དང་། བློ་བརྟན་འགྱུར་མེད་ཀྱིས་སྤྱིའི་རྒྱལ་ཁབ་བདེ་འཇགས་ལྟ་བ་ལག་བསྟར་བྱེད་པ། ཆབ་སྲིད་འཛུགས་སྐྲུན་དང་དམག་སྦྱོང་དམག་གྲབས། དམག་བཀུར་ཁྱིམ་སྐྱོང་དང་སྲིད་བཀུར་དམངས་གཅེས་སོགས་ཀྱི་བྱ་བ་སྣ་ཚོགས་དམ་འཛིན་བྱས་ནས། ཁྱབ་ཁོངས་སོ་སོའི་རྒྱལ་ཁབ་བདེ་འཇགས་ལ་མཐའ་གཅིག་ཏུ་སྲུང་སྐྱོབ་བྱེད་དགོས།
ཚོགས་ཐོག་ནས་ཞི་ཅིན་ཕིང་གིས་རྨ་ཆུར་བཅངས་པའི་བརྩེ་བ་ཞེས་པའི་རྩོམ་ཡིག་སློབ་སྦྱོང་བྱས་ཏེ་བསམ་ཚུལ་བརྗེ་རེས་བྱས། ཚོགས་ཐོག་ནས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྨ་ཆུའི་བཞུར་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ནམ་ཡང་ཐུགས་ཁུར་བྱེད་ཀྱིན་ཡོད་པ་དང་། རྨ་ཆུའི་འགོ་ཁུངས་ཀྱི་ཞིང་ཆེན་ཞིག་ཡིན་པའི་ཆ་ནས། ང་ཚོས་དེའི་ཁྲོད་འདུ་བའི་བསམ་པའི་སྟོབས་ཤུགས་དང་དམངས་བསམ་གྱི་བརྩེ་བ། རིག་གནས་ཀྱི་རིན་ཐང་བཅས་ལ་རྒྱུས་ལོན་གསལ་བོ་བྱས་ཏེ། བློ་བརྟན་འགྱུར་མེད་ཀྱིས་ཀྲུང་ཧྭའི་ཆུ་མཛོད་ཀྱི་སྲུང་སྐྱོབ་པ་བྱེད་དགོས། ཆུ་དཔོན་དང་མཚོ་དཔོན་ལམ་ལུགས་ཀྱི་ལམ་ལུགས་སྣ་ཚོགས་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ། ལས་འགན་གཙོ་བོར་དམིགས་ནས་རིམ་ལྔའི་ཆུ་དཔོན་མཚོ་དཔོན་བྱ་བའི་འགན་འཁྲི་གཏན་ཁེལ་གསལ་བོ་བྱེད་དགོས། གནད་དོན་གྱི་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱེད་པ་དང་། ཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་དང་རྨ་ཆུའི་ཉེན་བརྡའི་གློག་བརྙན་ཐད་ཀྱི་ཡར་ཞུ་གནད་དོན་དག་ཐེར་ལེགས་བཅོས་བྱེད་ཤུགས་ཆེ་རུ་བཏང་སྟེ། ལྟ་ཞིབ་ལྟ་སྒྲུབ་ཀྱི་ནུས་པ་འདོན་སྤེལ་བཟང་བོ་བྱེད་དགོས། རྨ་ཆུའི་བཞུར་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དྲིལ་སྒྲོག་གི་ཁ་གཏད་རང་བཞིན་ཇེ་ཆེར་བཏང་ནས། རྨ་ཆུའི་སྲུང་སྐྱོབ་བཅའ་ཁྲིམས་ཀྱི་སྤྱི་ཚོགས་སྟེང་གི་ཤན་ཤུགས་སྔར་ལས་མཐོར་འདེགས་སུ་གཏོང་དགོས།
ཚོགས་ཐོག་ནས་ནན་གྱིས་བསྟན་དོན། ཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་ཚན་ཆུང་གིས་ཁྱབ་བསྒྲགས་བྱས་པའི་དཔེ་མཚོ་གྱོད་གཞིས། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་མཚོ་སྔོན་གྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ཐད་ཧ་ཅང་མཐོང་ཆེན་གནང་བཞིན་ཡོད་པ་མཚོན་ལ། དེ་ནི་ང་ཚོར་ཉེན་བརྡ་ཐེངས་ཤིག་བཏང་བ་དང་བསླབ་བྱ་ནན་མོ་ཐེངས་ཤིག་བཏང་བ་ཡིན་པས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངག་བཅོལ་ནམ་ཡང་ཡིད་ལ་དམ་དུ་འཛིན་པ་དང་། ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པ་སློབ་སྦྱོང་དང་རྒྱུས་ལོན་བྱེད་པའི་སྟེང་ཤུགས་འདོན་པ། ཀྲུང་ཧྭའི་ཆུ་མཛོད་སྲུང་སྐྱོབ་བྱེད་རྒྱུ་དེ་རྒྱལ་ཁབ་ཀྱི་བྱ་བའི་སྤྱི་ཡོངས་ཁྲོད་བཞག་སྟེ་ཇུས་འགོད་དང་ལག་བསྟར་བྱེད་པ། ཆབ་སྲིད་ཀྱི་འགན་འཁྲི་ཕྲག་ཏུ་བླངས་ནས། ཆབ་སྲིད་སྟེང་གོ་བ་ལེན་པ་དང་ཆབ་སྲིད་སྟེང་སྒྲུབ་པ་དང་། ཆབ་སྲིད་སྟེང་རྒྱུས་ལོན་བྱེད་པ། གཏན་ཕབ་གཉིས་ལ་སྲུང་སྐྱོབ་དང་སྲུང་སྐྱོང་གཉིས་བཟང་བོར་སྒྲུབ་རྒྱུ་དེ་བྱ་སྤྱོད་སྟེང་མངོན་པར་བྱེད་དགོས། དཔེ་མཚོན་གྱོད་གཞིར་ཞིབ་བཤེར་ནན་མོ་དང་རྩད་གཅོད་ནན་མོ་བྱེད་པ་དང་། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་གསར་སྐྲུན་དང་འཛམ་གླིང་རིམ་པའི་ཚྭ་མཚོའི་ཐོན་ལས་རྟེན་གཞི་འཛུགས་སྐྲུན་བྱེད་པའི་ཚད་གཞི་དང་རེ་བ་གཞིར་བཟུང་ནས་གནད་དོན་ལ་ཕྱོགས་ཡོངས་ནས་ཞིབ་བཤེར་གསལ་བོ་བྱེད་པ་དང་། སྤོབས་པ་ཆེན་པོ་དང་ཆོད་སེམས་བརྟན་པོས་གནད་དོན་དག་ཐེར་ལེགས་བཅོས་བྱེད་པ་དང་དངོས་གནས་དག་ཐེར་ལེགས་བཅོས་བྱེད་པ། སྟེས་དབང་གི་བསམ་བློ་དང་འགན་ཁུར་འགྲུབ་ཐབས་ཙམ་བྱེད་པའི་བསམ་པ་མེད་པར་བྱེད་པ། གྱོད་དཔེ་མེ་ལོང་དུ་བཟུང་ནས། ཆུ་ཚད་མཐོ་བའི་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་བར་གྱི་འབྲེལ་བ་ཐག་གཅོད་བཟང་བོ་བྱེད་དགོས། སྤྲོད་སྒྲུབ་ཁུངས་སྣེ་མྱུར་དུ་ཐོ་འགོད་དང་ལེན་བྱེད་པ་དང་མྱུར་དུ་བསྒྲུབ་པ། ཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་ཚན་ཆུང་གིས་སྤྲོད་སྒྲུབ་བྱས་པའི་འཕྲིན་བཅར་ཞུ་གཏུག་གྱོད་གཞི་སྒྲུབ་པའི་བྱ་བར་ཧ་ཅང་མཐོང་ཆེན་བྱེད་པ། རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གི་འགན་ཁུར་བློ་མཐུན་གཙོ་བོས་དངོས་སུ་དམ་འཛིན་བྱེད་པ་དང་། བྱ་བའི་ཚན་ཆུང་སོ་སོས་བརྗེ་རེས་ལ་ཤུགས་སྣོན་པ་དང་བར་མེད་དུ་སྦྲེལ་མཐུད་བྱེད་པ། ས་ཆ་སོ་སོས་རྣམ་འགྱུར་བརྟན་པོ་དང་ཤུགས་ལྡན་བྱེད་ཐབས། དངོས་གཉེར་སྤྱོད་ཚུལ་ལ་བརྟེན་ནས། འཕྲིན་བཅར་ཞུ་གཏུག་གྱོད་གཞི་ལས་ཆོད་མཐོ་བ་དང་ཚད་གཞི་མཐོ་བ། སྤུས་ཚད་མཐོ་བའི་ངང་འཕྲིན་བཅར་ཞུ་གཏུག་གྱོད་གཞི་བསྒྲུབ་པའི་བྱ་བ་བཟང་བོར་བསྒྲུབ་དགོས། རྗེས་མཐུད་ཀྱི་བྱ་བ་དམ་འཛིན་བྱེད་པ་དང་། སྟོབས་ཤུགས་ཡོད་རྒུས་ལྟ་ཞིབ་ཚན་ཆུང་གྲོང་ཁྱེར་དང་ཁུལ་སོ་སོར་སོང་ནས་བྱ་བ་སྤེལ་བར་གཞོགས་འདེགས་བཟང་བོ་བྱེད་པ། བྱ་བའི་སྒྲིག་ལམ་ཇེ་དམ་དུ་གཏོང་བ། ལྟ་ཞིབ་དང་ལེན་དང་གནད་དོན་དག་ཐེར་ལེགས་བཅོས་བྱེད་པའི་བརྒྱུད་རིམ་ཁྲོད་ཀྱི་དཔོན་ཉམས་རིང་ལུགས་དང་ཕྱི་ཚུལ་རིང་ལུགས་མཐའ་གཅིག་ཏུ་ཡོ་བསྲང་བྱེད་པ། བྱ་བའི་བྱེད་ཐབས་སྟབས་བདེ་རྩུབ་སྤྱོད་ཡིན་པར་མཐའ་གཅིག་ཏུ་བཀག་འགོག་བྱེད་པ། ཁག་ཁུར་མི་བྱེད་པ་དང་འབད་འཐབ་མི་བྱེད་པ། རྫུན་བཟོ་བྱེད་པ། དག་ཐེར་ལེགས་བཅོས་བྱེད་པའི་ཚུལ་ཙམ་སྟོན་པ་བཅས་ལ་འགན་འཁྲི་རྩད་གཅོད་ནན་མོ་བྱེད་དགོས།
ཚོགས་ཐོག་ནས་རང་ཞིང་གི་བརྗོད་དོན་སློབ་གསོ་བྱ་བར་ཞིབ་འཇུག་བྱས། ཚོགས་ཐོག་ནས་བསྟན་དོན། སྐོར་ཐེངས་གཉིས་པའི་བརྗོད་དོན་སློབ་གསོ་མཇུག་བསྒྲིལ་ལ་ཉེ་བས། རྗེས་འདེད་སློབ་སྦྱོང་དམ་འཛིན་བྱེད་པ་དང་། དུས་ཚོད་དང་པོའི་ནང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བརྗོད་དོན་སློབ་གསོའི་སྐོར་གྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ཆེས་གསར་པ་སློབ་སྦྱོང་དང་ལག་བསྟར་བྱེད་པ་དང་། ཀྲུང་དབྱང་གི་འབྲེལ་ཡོད་གྲོས་ཚོགས་ཀྱི་བཀོད་སྒྲིག་རེ་བར་དམིགས་ནས། བསམ་བློའི་སྟེང་ངོས་འཛིན་ཇེ་མཐོར་གཏོང་བ་དང་། ཆབ་སྲིད་སྟེང་ལངས་གནས་ཇེ་མཐོར་གཏོང་བ། བྱ་བའི་སྟེང་ཚད་གཞི་ཇེ་མཐོར་གཏོང་དགོས། དག་ཐེར་ལེགས་བཅོས་དམ་འཛིན་བྱེད་པ་དང་། གཞི་རིམ་དུ་བསྐྱོད་པ་བཞིའི་བྱེད་ཐབས་བཀོལ་སྤྱོད་བཟང་བོ་བྱེད་པ། མང་ཚོགས་ཀྱིས་སེམས་ཁུར་དང་དོ་སྣང་བྱེད་པའི་དུས་ཡུན་རིང་བོར་ཐག་གཅོད་མ་ཐུབ་པའི་གནད་དོན་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཐད་མཁོ་བའི་གཅིག་བསྡུས་སྒོས་ཐག་གཅོད་པའི་དཀའ་གནད་དང་། ལས་བྱེད་པའི་བསམ་བློ་སྤྱོད་ཚུལ་ཕྱོགས་ཀྱི་འབུར་ཐོན་གནད་དོན་དངོས་སུ་ཐག་བཅད་དེ། བརྗོད་དོན་སློབ་གསོའི་ཐད་ནས་གྲུབ་འབྲས་བཟང་བོ་ལེན་པར་ཁག་ཐེག་བྱེད་དགོས། ལྟ་སྐུལ་མཛུབ་སྟོན་དམ་འཛིན་བྱེད་པ་དང་། ཆབ་སྲིད་ཀྱི་ཁ་ཕྱོགས་དང་འབུར་ཐོན་གནད་དོན་གྱི་ཁྲིད་ཕྱོགས་ཡང་དག་པར་བྱེད་པ། གཙོ་གནད་གཤམ་སྣུར་དང་རིགས་བགར་མཛུབ་སྟོན་ལ་ཤུགས་སྣོན་པ་རྒྱུན་འཁྱོངས་བྱེད་པ། བྱེད་ཐབས་དང་རྣམ་པ་ལེགས་སྒྱུར་བྱེད་པ་དང་དཔེ་མཚོན་གྱིས་སྣེ་ཁྲིད་བྱེད་པར་དོ་སྣང་བྱེད་པ། ཆེད་དོན་དམངས་གཙོ་འཚོ་བའི་ཚོགས་འདུ་དང་རྩ་འཛུགས་འཚོ་བའི་གྲོས་ཚོགས་བསྡུ་བར་མཛུབ་ཁྲིད་བཟང་བོ་བྱས་ཏེ། ལྟ་སྐུལ་བཟང་བོ་བྱེད་པར་ཁག་ཐེག་བྱེད་དགོས།
ཚོགས་ཐོག་ནས་ཞིང་ཆེན་ཡོངས་ཀྱི་བསམ་བློ་དྲིལ་སྒྲོག་དང་འདུ་ཤེས་འཛིན་སྟངས་བྱ་བར་ཞིབ་འཇུག་བྱས། ཚོགས་ཐོག་ནས་ནན་གྱིས་བསྟན་དོན། དེང་རབས་ཅན་གྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་ན། རིག་གནས་ནི་ནང་དོན་གཙོ་བོ་དང་མཚོན་རྟགས་གལ་ཆེན་ཡིན་ལ། འདེགས་སྐྱོར་གལ་ཆེན་དང་སྟོབས་ཤུགས་གལ་ཆེན་ཡང་ཡིན་པས། ཞི་ཅིན་ཕིང་གི་རིག་གནས་དགོངས་པའི་དོན་སྙིང་གལ་ཆེན་དང་གོ་དོན་བཟང་བོ། ལག་ལེན་གྱི་རེ་བ་བཅས་ལ་གོ་བ་ཟབ་མོ་ལེན་པ་དང་། རང་རྟོགས་སྒོས་དུས་རབས་གསར་བའི་རིག་གནས་ཀྱི་འགན་འཁྲི་གསར་བ་ཕྲག་ཏུ་ལེན་པ། མཚོ་སྔོན་གྱི་རིག་གནས་ཐོན་ཁུངས་ཀྱི་དགེ་མཚན་དེ་འཕེལ་རྒྱས་ཀྱི་དགེ་མཚན་དུ་བསྒྱུར་བ། འདུ་ཤེས་འཛིན་སྟབས་བྱ་བའི་ཆབ་སྲིད་ཀྱི་འགན་འཁྲི་ཕྲག་ཏུ་བླངས་ནས། ཞིང་ཆེན་ཡོངས་ཀྱི་བསམ་བློ་དྲིལ་སྒྲོག་བྱ་བའི་རྣམ་པ་གསར་སྐྲུན་བྱེད་དགོས།
ཚོགས་ཐོག་ནས2023ལོའི་ཞིང་ཆེན་ཡོངས་ཀྱི་དུག་འགོག་བྱ་བའི་གནས་ཚུལ་ཐད་ཀྱི་སྙན་ཞུ་ལ་ཉན་པ་དང་། ཞིང་ཆེན་ཡོངས་ཀྱི་དུག་འགོག་བྱ་བའི་ཐད་ནས་བླངས་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་བྱས། ཚོགས་ཐོག་ནས་བསྟན་དོན། རྒྱལ་ཡོངས་དུག་འགོག་བྱ་བའི་གྲོས་ཚོགས་ཀྱི་བཀོད་སྒྲིག་ལྟར། དུག་འགོག་བྱེད་ཕྱོགས་ལག་བསྟར་བྱེད་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། དུག་འགོག་གི་ཆབ་སྲིད་འགན་འཁྲི་ཕྲག་ཏུ་ལེན་པ། རིགས་གསར་བའི་དུག་རྫས་ལ་དོ་སྣང་ཆེན་པོ་བྱེད་པ། མི་སྣ་འདུ་ཚད་མང་བའི་ས་ཁུལ་ལ་དོ་སྣང་ཆེན་པོ་བྱེད་པ། དུག་འབྲེལ་ན་གཞོན་ལ་དོ་སྣང་བྱེད་པ། དུག་རྫས་གྱི་ཉེས་བྱས་ལ་རྡུང་རྡེག་བྱེད་པར་ཤུགས་བསྣན་ནས། དུག་རྫས་དང་འབྲེལ་བའི་ནག་ཉེས་འགོ་ཁུངས་ནས་བཀག་འགོག་བྱེད་པར་སྐུལ་འདེད་གཏོང་དགོས།
ཚོགས་ཐོག་ནས་ད་དུང་བྱ་བ་གཞན་པར་ཞིབ་འཇུག་བྱས།
རིན་ཆེན་མཚོས་བསྒྱུར།