ཟླ12པའི་ཚེས15ཉིན། ཞིང་ཆེན་ཡོངས་ཀྱི་གནམ་གཤིས་ངན་པར་དོགས་ཟོན་དང་ཁ་གཏད་འཇལ་བའི་བྱ་བའི་བཀོད་གཏོང་གྲོས་ཚོགས་བསྡུས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དྲོད་ཚད་དམའ་བའི་གངས་ཆར་འཁྱགས་རོམ་གྱི་གནོད་འཚེར་དོགས་ཟོན་དང་ཁ་གཏད་འཇལ་བའི་བྱ་བའི་ཐད་གནང་བའི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་། རང་ཞིང་གི་དོགས་ཟོན་དང་ཁ་གཏད་འཇལ་བའི་བྱ་བར་བཀོད་སྒྲིག་བྱས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཁྲིན་ཀང་གིས་བྱ་བའི་བླང་བྱ་བཏོན་པ་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཝུའུ་ཞའོ་ཅུན་གྲོས་ཚོགས་ལ་ཞུགས་པར་མ་ཟད་བྱ་བར་བཀོད་སྒྲིག་བྱས།
ཁྲིན་ཀང་གིས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱིས་གནོད་འགོག་གནོད་སེལ་བྱ་བར་ཧ་ཅང་མཐོང་ཆེན་གནང་བཞིན་པ་གང་ལེགས་སྒོས་མངོན་ཡོད་པས། ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་མགྱོགས་མྱུར་སྒོས་དེ་ལག་བསྟར་དོན་འཁྱོལ་བྱེད་དགོས་པ་དང་། མི་དམངས་བླ་ན་མེད་པ་དང་ཚེ་སྲོག་བླ་ན་མེད་པའི་འདུ་ཤེས་བརྟན་པོར་འཛུགས་པ། གནམ་གཤིས་འགྱུར་ལྡོག་ལ་དོ་སྣང་ཟབ་མོ་བྱེད་པ། ཆེས་ངན་པའི་ཕྱོགས་ནས་བསམ་བློ་བཏང་སྟེ་འཕྲལ་བསྟུན་སྔོན་ཇུས་འཐུས་ཚང་དུ་གཏོང་བ་དང་སྔོན་བརྡ་ཉེན་བརྡའི་ཆ་འཕྲིན་དུས་ཐོག་ཏུ་བརྒྱུད་གཏོང་བྱས་ཏེ་འཕྲལ་བསྟུན་དཔུང་སྡེ་དང་དངོས་ཟོག་འགྲིམ་འགྲུལ། ཆ་འཕྲིན་གློག་ཤུགས། ཆུ་འདོན་དྲོད་འདོན་སོགས་ཉེན་སེལ་རྒུད་སྐྱོབ་ཀྱི་རོགས་སྐྱོབ་གྲ་སྒྲིག་བྱ་བ་བཟང་བོར་སྒྲུབ་དགོས། ལས་རིགས་གཙོ་བོའི་ཁྱབ་ཁོངས་ཀྱི་བདེ་འཇགས་དོགས་ཟོན་གཅིག་གྱུར་སྒོས་དམ་འཛིན་བྱེད་པ་དང་མངོན་མེད་ཉེན་ཁར་ཕྱོགས་ཡོངས་ནས་ཞིབ་བཤེར་བྱེད་པ། དོགས་ཟོན་དང་ཁ་གཏད་འཇལ་བའི་བྱེད་ཐབས་སོ་སོར་དོན་འཁྱོལ་ནན་མོ་བྱེད་པ། བྱེད་ཐབས་དོན་འཁྱོལ་གནས་ཚུལ་ལ་ལྟ་སྐུལ་ཞིབ་བཤེར་བཅས་བྱས་ནས་གོ་རིམ་སོ་སོའི་བྱ་བ་དོན་འཁྱོལ་བྱེད་པར་འགན་སྲུང་བྱེད་དགོས། གནམ་གཤིས་ངན་པའི་དོགས་ཟོན་དང་ཉེན་གཡོལ་ཤེས་བྱ་རྒྱ་ཆེར་དྲིལ་སྒྲོག་བྱས་ཏེ་མང་ཚོགས་ཀྱི་དོགས་ཟོན་འདུ་ཤེས་ཇེ་དྲག་ཏུ་གཏོང་བ་དང་། དམངས་ཚིས་ཚོང་རྫས་ཀྱི་མཁོ་འདོན་འགན་སྲུང་དང་རིན་གོང་བརྟན་འཇགས་ཡོང་བའི་བྱ་བ་བཟང་བོར་སྒྲུབ་ནས་མང་ཚོགས་ཀྱི་ཐོན་སྐྱེད་འཚོ་བའི་སྒྲིག་ལམ་རྒྱུན་ལྡན་ཡོང་བ་དང་སྤྱི་ཚོགས་འཆམ་མཐུན་བརྟན་འཇགས་ཡོང་བར་འགན་སྲུང་བྱེད་དགོས། ཁོངས་གཏོགས་ས་ཆའི་འགན་འཁྲི་ཇེ་དམ་དུ་གཏོང་བ་དང་དུས་ཚོད་ཉེར་བཞིའི་ལས་རེས་ལས་སྲུང་ལམ་ལུགས་དོན་འཁྱོལ་ནན་མོ་བྱེད་པ། ཆ་འཕྲིན་གེགས་མེད་ཡོང་བར་བྱེད་པ། ཐོལ་བྱུང་གནས་ཚུལ་ལ་དུས་ཐོག་ཏུ་ཁ་གཏད་འཇལ་ཐུབ་པ་བཅས་བྱས་ཏེ་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་རྒྱུ་ནོར་བདེ་འཇགས་ལ་སྟོབས་ཤུགས་ཡོད་རྒུས་སྲུང་སྐྱོབ་བྱེད་དགོས།
ཝུའུ་ཞའོ་ཅུན་གྱིས་བསྟན་དོན། བློ་བརྟན་འགྱུར་མེད་སྒོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པ་དང་། ནམ་ཡང་ལྷོད་གཡེང་མི་བྱེད་པའི་འགན་འཁྲིའི་འདུ་ཤེས་ཀྱིས་གནམ་གཤིས་ངན་པ་དོགས་ཟོན་དང་ཁ་གཏད་འཇལ་བའི་བྱ་བ་སྟོབས་ཤུགས་ཡོད་རྒུས་བཟང་བོར་སྒྲུབ་དགོས། གནམ་གཤིས་འགྱུར་ལྡོག་ལ་དོ་སྣང་ཟབ་མོ་བྱེད་པ་དང་ལྟ་ཞིབ་ཚད་ལེན་དང་ཞིབ་འཇུག་བརྡར་གཅོད་ལ་ཤུགས་སྣོན་པ། ཉེན་བརྡ་སྔོན་བརྡའི་ཆ་འཕྲིན་དུས་ཐོག་ཏུ་ཁྱབ་བསྒྲགས་བྱེད་པ་བཅས་བྱས་ཏེ་སྔོན་བརྡ་གཏོང་བ་དང་ཁ་གཏད་འཇལ་བའི་ནང་རྐྱེན་དོན་འཁྱོལ་བྱེད་དགོས། མངོན་མེད་ཉེན་ཁར་ཕྱོགས་ཡོངས་ནས་ཞིབ་བཤེར་བྱེད་པ་དང་། གཞུང་ལམ་འགྲིམ་འགྲུལ་དང་གློག་འདོན་དྲོད་འདོན་དང་ཆུ་འདོན་དོ་དམ་དྲ་བ་སོགས་གནས་གཙོ་བོའི་སྐོར་ཞིབ་ལ་ཤུགས་སྣོན་པ། སྨན་ཁང་དང་སློབ་གྲྭ། རྒན་གསོ་ཁང་སོགས་གནས་གཙོ་བོའི་མངོན་མེད་ཉེན་ཁའི་ཞིབ་བཤེར་དང་དག་ཐེར་ལེགས་བཅོས་ཇེ་དྲག་ཏུ་གཏོང་བ། རྡོ་སོལ་དང་གློག སྣུམ་རླངས་ཀྱི་མཁོ་འདོན་ནུས་པ་མཐོར་འདེགས་བཏང་སྟེ་སྟོབས་ཤུགས་ཡོད་རྒུས་གྲོང་ཁྱེར་འཁོར་སྐྱོད་ཀྱི་བྱ་བ་སོ་སོ་བཟང་བོར་སྒྲུབ་དགོས། དམངས་ཚིས་ཚོང་རྫས་གལ་ཆེན་གྱི་ཐོན་འཚོང་དང་མཁོ་འདོན་འགན་སྲུང་ལ་ཤུགས་སྣོན་པ་དང་དཀའ་ཁག་ཡོད་པའི་མང་ཚོགས་ཀྱི་རོགས་སྐྱོབ་ཤུགས་ཚད་ཆེ་རུ་བཏང་སྟེ་མི་དམངས་མང་ཚོགས་ཀྱིས་བདེ་འཇགས་དང་དྲོད་སྐྱིད་ལྡན་པའི་ངང་དགུན་སྐྱེལ་བར་འགན་སྲུང་བྱེད་དགོས། ཕྱུགས་ཟོག་གི་དགུན་ཁའི་གཟན་རྩྭའི་གསོག་འཇོག་བྱ་བ་བཟང་བོར་སྒྲུབ་པ་དང་ཉེན་འགོག་གྲང་འགོག་བྱེད་ཐབས་དོན་འཁྱོལ་བྱེད་པ། ཞིང་ཕྱུགས་ལས་རིགས་ཀྱི་བདེ་འཇགས་འགན་སྲུང་བྱ་བར་ཤུགས་བསྣན་ནས་ཚད་ཆེ་བའི་སྒོ་ནས་ཞིང་ཕྱུགས་ལས་ལ་ཤུགས་རྐྱེན་ཐེབས་ཚད་ཇེ་ཆུང་དུ་གཏོང་དགོས། ཕྱོགས་སོ་སོའི་འགན་འཁྲི་ཇེ་དམ་དུ་གཏོང་བ་དང་ཉེན་སེལ་རྒུད་སྐྱོབ་གྲ་སྒྲིག་ཇེ་དྲག་ཏུ་གཏོང་བ། འཕྲལ་བསྟུན་སྔོན་ཇུས་འཐུས་ཚང་དུ་གཏོང་བ། དོགས་ཟོན་བྱེད་ཐབས་སོ་སོ་ཞིབ་ཕྲ་ཅན་དུ་གཏོང་བ། ལས་རེས་ལས་སྲུང་ལ་ཤུགས་སྣོན་པ། སྟོབས་ཤུགས་ཡོད་རྒུས་ཐོལ་བྱུང་ཉེན་ཁར་ཁ་གཏད་འཇལ་བ་དང་ཐག་གཅོད་པ་བཅས་བྱས་ཏེ་བློ་བརྟན་འགྱུར་མེད་ངང་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་ལ་འགན་སྲུང་བྱེད་དགོས།
ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཧྲིན་ཀྲང་གཞོན་པ་ཚེ་རིང་ཐར་གྱིས་གྲོས་ཚོགས་ལ་འགོ་འཛིན་བྱས། ཞིང་ཆེན་ཐད་གཏོགས་འབྲེལ་ཡོད་སྡེ་ཁག་དང་འབྲེལ་ཡོད་གྲོང་ཁྱེར་དང་ཁུལ་གྱིས་གནམ་གཤིས་ངན་པའི་ཞིབ་འཇུག་བརྡར་གཅོད་དང་གྲོང་ཁྱེར་འཁོར་སྐྱོད། འགྲིམ་འགྲུལ་འགན་སྲུང་། ཞིང་ཕྱུགས་ལས་རིགས་ཀྱི་གནོད་འགོག་སོགས་བྱ་བ་ཡར་ཞུ་བྱས།
ལྷ་མོ་ཚེ་རིང་གིས་བསྒྱུར།