ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་གིས་ཟླ12པའི་ཚེས13ཉིན་ནས་ཚེས15ཉིན་བར་སི་ཁྲོན་དང་ཁྲོང་ཆིན་དུ་རྟོག་ཞིབ་མཛད། ཁོང་གིས་ནན་གྱིས་བསྟན་དོན། ཀྲུང་དབྱང་དཔལ་འབྱོར་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་པ་གསར་བའི་མཁར་གྲོང་ཅན་གྱི་རྣམ་བཤད་གལ་ཆེན་གཏིང་ཟབ་ཏུ་དངོས་འབེབས་བྱེད་པ། མི་གཞི་རྩར་འཛིན་པའི་རྣམ་པ་གསར་བའི་མཁར་གྲོང་ཅན་ལ་ཡར་སྐུལ་བྱས་ནས། དཔལ་འབྱོར་འཕེལ་རྒྱས་དང་དམངས་ཚིས་ལེགས་བཅོས་ཐད་སྒུལ་ཤུགས་ཆེན་པོ་འདོན་སྤྲོད་བྱས་ཡོད།
སི་ཁྲོན་ནས་ལིས་ཆང་ཤར་འདབས་ཀྱི་དྲན་འཛིན་ཞེས་པའི་ཁྲིན་ཏུའུ་རྒྱལ་སྤྱིའི་དར་སྲོལ་ཐོན་ལས་ར་བར་ཕེབས་ཏེ། མཁར་རྙིང་ཁུལ་གྱི་བཅོས་སྒྱུར་དང་བཟོ་ལས་ཤུལ་བཞག་གི་གསར་སྤེལ་བེད་སྤྱོད་གནས་ཚུལ་ལ་ལྟ་ཞིབ་བྱས་ནས། གྲོང་ཁྱེར་གྱི་མི་གཞུང་ནང་དོན་གཏིང་ཟབ་ཏུ་སྔོག་འདོན་བྱེད་པ་དང་ས་འོག་སྦུག་ལམ་དྲ་བའི་འཛུགས་སྐྲུན་དམ་འཛིན་བྱས་ཏེ། ཟོལ་མེད་ཀྱིས་གྲོང་ཁྱེར་བདེ་འཇགས་ཀྱི་བབ་བསྟུན་ནུས་པ་མཐོར་འདེགས་བྱེད་དགོས་ཞེས་ནན་གྱིས་བསྟན། ཐེན་ཧྥུའུ་ཁུལ་གསར་འཆར་འགོད་ཐིན་ནས། ལིས་ཆང་གིས་སི་ཁྲོན་གྱི་རྣམ་པ་གསར་བའི་མཁར་གྲོང་ཅན་དང་ཁྲིན་ཏུའུ་དང་ཁྲོང་ཆིན་ས་ཁུལ་གྱི་གྲོང་ཁྱེར་ཟུང་གི་དཔལ་འབྱོར་བར་ཁྱམས་ཀྱི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་གནས་ཚུལ་སྐོར་གྱི་སྙན་ཞུར་ཉན་ནས། མཁར་གྲོང་ཅན་གྱི་འཕེལ་རྒྱས་སྤུས་ཚད་མཐོར་འདེགས་བྱས་ཏེ། སྔར་ལས་ལྷག་པའི་སྒོ་ནས་ཁྲིན་ཏུའུ་དང་ཁྲོང་ཆིན་ས་ཁུལ་གཉིས་ཀྱི་བྱེད་ནུས་ཁ་གསབ་ལ་སྐུལ་འདེད་གཏོང་དགོས་པའི་རེ་བ་བཏོན། ཁྲིན་ཏུའུ་ཐེན་ཧྥུའུ་རྒྱལ་སྤྱིའི་སྐྱེ་དངོས་མཁར་ནས། ལིས་ཆང་གིས་ཁེ་ལས་ཀྱིས་ཞིབ་འཇུག་གསར་སྤེལ་དང་དངུལ་གཏོང་ལ་ཤུགས་སྣོན་བྱས་ནས་སྔར་ལས་མང་བའི་སྨན་རྫས་བཟང་བོ་མང་དུ་ཐོན་སྐྱེད་བྱེད་དགོས་པའི་སྐུལ་མ་བཏང་། ཆིན་དབྱང་ས་ཁུལ་གྱི་ཆིན་ཡོན་སྡེ་ཁུལ་ནས་ལིས་ཆང་གིས་མང་ཚོགས་དང་གསུང་གླེང་མཛད་པ་དང་། ས་དེས་མང་ཚོགས་ལ་ཞབས་འདེགས་ཞུ་བའི་བྱ་བ་ཞིབ་ཚགས་ཀྱིས་སྒྲུབ་ནས། སྡོད་དམངས་དག་ལ་སྡེ་ཁུལ་འཛུགས་སྐྲུན་གྱི་གྲུབ་འབྲས་ལོངས་སྤྱོད་བྱེད་དུ་འཇུག་དགོས་པའི་སྐུལ་མ་བཏང་།
ཁྲོང་ཆིན་ནས་ལིས་ཆང་ཡུན་ཁྲོན་མཁར་ཁུལ་ཤར་ཁུལ་གྱི་ཕྱོགས་བསྡུས་ལེགས་བཅོས་ལས་གཞིའི་ཡུལ་དངོས་སུ་ཕེབས་ཏེ། ཁྲོང་ཆིན་གྱིས་ཁྲིན་ཏུའུ་དང་ཁྲོང་ཆིན་ས་ཁུལ་གྱི་གྲོང་ཁྱེར་ཟུང་གི་དཔལ་འབྱོར་བར་ཁྱམས་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་སོགས་ཀྱི་གནས་ཚུལ་སྙན་ཞུ་བྱས་པར་ཉན་པ་དང་། རང་འགུལ་གྱིས་ཁ་ལོ་བསྒྱུར་བ་དང་གཞི་གྲངས་ཚན་རྩལ་གྱི་བརྙན་རིས་དཔེ་སྟོན་དང་སི་ཁྲོན་དང་ཁྲོང་ཆིན་ནས་གཅིག་མཐུན་དུ་སྒྲུབ་པའི་སྒེའུ་ཁུང་ལ་ལྟ་སྐོར་བྱས་ཏེ། རྒྱལ་ཁབ་ཀྱི་འཐབ་ཇུས་དགོས་མཁོར་གཞིགས་ནས་བྱ་བའི་འཆར་འགོད་ལ་ཤུགས་སྣོན་བྱེད་པ་དང་། ཤུགས་ཆེན་པོས་འགྲིམ་འགྲུལ་གཅིག་སྦྲེལ་དང་ཐོན་ལས་མཉམ་འབྲེལ། གསར་གཏོད་རོགས་ལས། སྲིད་ཇུས་རོགས་ལས་བཅས་ལ་སྐུལ་འདེད་གཏོང་དགོས་པའི་རེ་བ་བཏོན། ལིས་ཆང་གིས་ཅང་པེ་ས་ཁུལ་པེ་ཚང་ཐཱ་ཕེན་ས་ཁུལ་གྱི་མཁར་རྙིང་སྒྱུར་བཀོད་ལས་གཞིར་རྟོག་ཞིབ་བྱས་པ་དང་། ཚོང་བ་དང་སྡོད་དམངས་དག་དང་མཉམ་དུ་གསུང་གླེང་མཛད་པར་མ་ཟད། ས་དེས་དོན་དངོས་ལ་ཟུང་འབྲེལ་བྱས་ཏེ་ཤུགས་ཆེན་པོས་གྲོང་ཁྱེར་གྱི་ལེགས་སྒྱུར་ལ་སྐུལ་འདེད་གཏོང་བ་དང་། དམངས་ཕན་སྟབས་བདེ་ཞབས་ཞུའི་སྒྲིག་ཆས་འཐུས་ཚང་དུ་བཏང་ནས། སྔར་ལས་ལྷག་པའི་སྒོ་ནས་གྲོང་ཁྱེར་སྡོད་དམངས་ཀྱི་འཚོ་བའི་སྤུས་ཚད་ཇེ་མཐོར་གཏོང་བའི་དགོས་མཁོ་སྐོང་དགོས་པའི་རེ་བ་བཏོན།
རྟོག་ཞིབ་བྱེད་སྐབས་ལིས་ཆང་གིས་མགོ་འཛིན་མཛད་དེ་རྣམ་པ་གསར་བའི་མཁར་གྲོང་ཅན་གྱི་འཛུགས་སྐྲུན་གྱི་བཞུགས་མོལ་ཚོགས་འདུ་བསྡུས་ཏེ། རྒྱལ་ཁབ་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་དང་སི་ཁྲོན། ཁྲོང་ཆིན་ས་ཁུལ་གཉིས་ཀྱི་འབྲེལ་ཡོད་འགན་ཁུར་པའི་གཏམ་བཤད་ལ་ཉན། ལིས་ཆང་གིས་ནན་གྱིས་བསྟན་དོན། མི་གཞི་རྩར་འཛིན་པའི་རྣམ་པ་གསར་བའི་མཁར་གྲོང་ཅན་གྱི་ལག་ལེན་ནང་དོན་ཇེ་ཟབ་ཏུ་བཏང་ནས་དམ་འཛིན་སྒོས་ཞིང་སྡེའི་མི་མང་བོ་མཁར་གྲོང་སྡོད་དམངས་ཅན་དུ་བསྒྱུར་བ་དང་བྱེད་ནུས་གཙོ་བོའི་ས་ཁུལ་གྱི་འཛུགས་སྐྲུན་འཐབ་ཇུས་ལག་བསྟར་བྱེད་པ་ཟུང་འབྲེལ་བྱས་ཤིང་། བཅོས་སྒྱུར་གསར་གཏོད་ཀྱི་སྙིང་སྟོབས་ཀྱིས་ཟོལ་མེད་དུ་སྐུལ་འདེད་གཏོང་བ་དང་། རྒྱུན་ཆད་མེད་པར་རྣམ་པ་གསར་བའི་མཁར་གྲོང་ཅན་གྱི་ཆུ་ཚད་དང་སྤུས་ཚད་མཐོར་འདེགས་བྱེད་དགོས། ལོ་མཇུག་ལ་ཉེ་བས། ས་ཁུལ་སོ་སོས་ངེས་པར་དུ་ཞིང་བ་ལས་བཟོ་པའི་གླ་ཕོགས་དུས་ལྟར་ཆད་ལུས་མེད་པར་བྱིན་ནས། བདེ་འཇགས་ཐོན་སྐྱེད་སོགས་ཀྱི་བྱ་བ་བཟང་བོར་སྒྲུབ་དགོས།
ལིས་ཆང་གིས་སི་ཁྲོན་དང་ཁྲོང་ཆིན་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་བྱས་པ་དང་། ས་ཁུལ་དེ་གཉིས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་ལེན་དངོས་འབེབས་བྱེད་པ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་དེ་སྐས་རིམ་གསར་བ་ཞིག་ཏུ་སླེབས་པར་སྐུལ་འདེད་བཏང་སྟེ། རྒྱལ་ཡོངས་ཀྱི་ཕྱོགས་ཡོངས་ཀྱི་འཕེལ་རྒྱས་ཆེད་དུ་བྱས་རྗེས་སྔར་ལས་ཆེན་པོ་འཇོག་དགོས་པའི་རེ་བ་བཏོན།
ཡོན་ཅཱ་ཅུན་དང་ཝུའུ་ཀྲིན་ལུང་རྟོག་ཞིབ་ལ་ཞུགས།
བསོད་ནམས་ཚེ་རིང་གིས་བསྒྱུར།